ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རིས་ཞིན་ཅང་གི་འགོ་ཁྲིད་ཚོར་ཐོངས་མཆན་བཀག་སྡོམ།


༄༅།། ཞིན་ཅང་གི་ཡུ་གུར་བ་ཚོར་དྲག་གནོན་བྱེད་ཀྱི་ཡོད་པ་དེར་འབྲེལ་བ་ཡོད་པའི་རྒྱ་གཞུང་གི་ལས་སྣེ་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་ཨ་མི་རི་ཀས་ཁྱབ་བསྒྲགས་བྱས་འདུག ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཐེབས་པའི་དཀའ་ངལ་དང་གནས་ཚུལ་ཅི་ཡང་འབྱུང་གི་མེད། རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་ཚོར་ཞིན་ཅང་གི་མི་རིགས་སྣ་འདུས་ཀྱི་མི་འབོར་ས་ཡ་༢༥་ལྷག་གི་རྒྱབ་སྐྱོར་ཐོབ་ཡོད། ཨ་མི་རི་ཀས་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་ལུགས་དང་ལས་དོན་ལ་འབྲེལ་བ་ཡོད་པའི་རྒྱ་གཞུང་གི་ལས་སྣེ་ཚོར་ཐོངས་མཆན་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་པར་ངོ་རྒོལ་ཡོད། འདི་ནི་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་གི་ཁ་གཡང་བསྒྲགས་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུའི་ངན་ཇུས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་སྟེ། གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་ཚབ་ཁང་གིས་ཨ་མི་རི་ཀས་ཐོངས་མཆན་བཀག་སྡོམ་བྱེད་ཀྱི་ཡོད་པ་ནི་རྒྱལ་སྤྱིའི་འབྲེལ་ལམ་ལ་འགལ་འཛོལ་དང་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་ཐབས་ཇུས་ཤིག་རེད། ཞིན་ཅང་གི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་འབའ་ཞིག་ཡིན་པས་རྒྱལ་ཁབ་གཞན་གྱིས་དེ་ལ་ཐེ་གཏོགས་བྱེད་མི་ཆོག ང་ཚོས་ཨ་མི་རི་ཀའི་ནོར་འཁྲུལ་གྱི་སྲིད་ཇུས་དེར་ཡོ་བསྲང་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ལན་མང་སྤེལ་འདུག

བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱེད་ཡོད་པ་དང་འཛིན་བཟུང་བྱེད་ཀྱི་ཡོད་པ། ཡུ་གུར་བ་དང་ཧ་ས་ཁ་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པར་ཁ་རྡུང་དྲག་གཏོང་རྒྱུ་ཡིན། ཞིན་ཅང་གི་དྲག་གནོན་ལ་འབྲེལ་བ་ཡོད་པའི་རྒྱ་གཞུང་གི་ལས་སྣེ་ཁག་གམ། ཡང་ན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་རྣམས་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན་ཞེས་སྐྱོན་བརྗོད་བྱས་ཤིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕེའོ་ཡིས་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་བ་ཁྲི་ཚོ་མང་པོ་སྡེབ་འགོག་བཙོན་ར་ཁག་ལ་བཀག་ཉར་བྱེད་ཀྱི་ཡོད་པ་སོགས་ཚུད་པའི་སྒྲིག་འཛུགས་དང་གོ་རིམ་ལྡན་པའི་སྒོ་ནས་དྲག་གནོན་ཚབས་ཆེན་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་པར་མ་ཟད། ཨ་རིའི་ཕྱི་མི་གཞིས་ཆགས་དང་མི་རིགས་ཀྱི་བཅའ་ཁྲིམས་ལྟར་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ཅིག་ལ་ཐོངས་མཆན་བཀག་སྡོམ་བྱེད་ཆོག་པའི་བཅའ་ཁྲིམས་ལག་ལེན་བསྟར་རྒྱུ་ཡིན་པས་ཨ་མི་རི་ཀའི་ཕྱི་སྲིད་ལ་དོ་ཕོག་ཆེན་པོ་ཞིག་ཐེབས་སྲིད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་སུ་སུ་ལ་ཐོངས་མཆན་འགོག་དགོས་པ་ང་ཚོས་ཕྱིར་བསྒྲགས་བྱེད་ཆོག་གི་མ་རེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་མེད། འོན་ཀྱང་ཉམས་ཞིབ་པ་ཚོས་ཞིན་ཅང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་ཐོངས་མཆན་བཀག་སྡོམ་གྱི་ཐོ་གཞུང་ནག་པོར་ཚུད་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་ཟེར་པ་དེ་རྣམས་བཙོན་ཁང་དང་སྐྱེ་བོ་སྡེབ་འགོག་བྱ་ཡུལ་ཞིག་མིན། ཕྱི་ལོགས་སུ་ཞིན་ཅང་གི་བཀག་ཉར་ཁང་ཟེར་པ་དེ་རྣམས་ལག་ཤེས་སློབ་གྲྭ་དང་སྐད་ཡིག་སློབ་གྲྭ གློག་ཀླད་སོགས་ཀྱི་ཤེས་བྱ་གསར་པ་སློབ་སྦྱོང་སྤྲོད་ཡུལ་གྱི་སློབ་གཉེར་ཁང་ཡིན། ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་གསུམ་གྱི་དུག་རྒྱུན་ངན་པ་ཕོག་པའི་ན་གཞོན་ཕོ་མོ་ཚོར་ལག་ཤེས་སློབ་སྦྱོང་དང་སྐད་ཡིག་སློབ་སྦྱོང་། ཤེས་བྱ་གསར་པ་བསླབས་ནས་འཚོ་བའི་མཐུན་ལམ་གསར་པ་ཞིག་སྐྲུན་ཡོད། རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེའི་དམིགས་ཡུལ་ནི་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་རྩ་མེད་གཏོང་རྒྱུའི་ཆེད་དུ་ཡིན། འདི་ནི་རྒྱ་ནག་གི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལ་མཐུན་པ་ཞིག་ཡིན་ཞེས་དགག་པ་བརྒྱབ། ཡིན་ནའང་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཚུད་མྱོང་བའི་ཡུ་གུར་བ་ཚོས་རང་ཉིད་བཀག་ཉར་བྱས་པའི་རིང་དེར་རྒྱ་ནག་གཞུང་དང་སྲིད་འཛིན་ཞིས་ཅིན་ཕིང་ལ་བསྟོད་དབྱངས་ལེན་དགོས་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་བྱ་དགོས་པ། ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་དོར་ནས་རྒྱ་ནག་གི་རིག་གཞུང་དང་སྐད་ཡིག རྒྱ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྣམས་སྦྱང་དགོས་ཀྱི་འདུག རྒྱ་ནག་གཞུང་གིས་ཡུ་གུར་བ་སོགས་བཀག་ཉར་ཁང་དུ་ར་ལུག་ལྟར་བཅུག་ནས་ཉིན་མཚན་གཉིས་ལ་པར་ཆས་བཙུགས་ཏེ་ལྟ་རྟོག་ནན་པོ་བྱེད་པ་དང་འགུལ་སྐྱོད་ཀྱི་རང་དབག་མེད་པ། ཡུ་གུར་བ་ཚོར་བཀག་ཉར་ཁང་དུ་རྡུང་རྡེག་དང་མནར་གཅོད་གཏོང་བ། ཕ་མ་དང་བཟའ་ཟླ་བུ་ཕྲུག་སོགས་ལ་འབྲེལ་བ་བྱེད་དུ་མི་འཇུག་པ། ཐ་ན་ཡུ་གུར་བ་ཁག་ཅིག་གིས་མནར་གཅོད་མ་བཟོད་པར་རང་སྲོག་བཅད་པའང་བྱུང་སོང་ཞེས་བཀྲལ།

ཨ་མི་རི་ཀས་ཐོངས་མཆན་བཀག་སྡོམ་བྱ་རྒྱུའི་ཐོ་ཁོངས་དེར་ཞིན་ཅང་གི་སྤྱི་བདེ་ལས་ཁུངས་ཀྱི་ལས་བྱེད་པ་༢༠་དང་ཧིཀ་ཝྭི་ཤཱིན། ཀྲེ་ཅང་ཏཱ་ཧྭ་འཕྲུལ་ཆས་བཟོ་ཚོང་ཁང་སོགས་རྒྱ་ནག་གི་བཟོ་ཚོང་ལས་ཁང་༨་འདུས། ཀྲེ་ཅང་ཏཱ་ཧྭ་འཕྲུལ་ཆས་བཟོ་ཚོང་ཁང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཙུགས་པའི་པར་ཆས་དང་བརྙན་མིག་སོགས་རྒྱ་ནག་གཞུང་ལ་བཙོངས། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ་སོགས་འཛིན་བཟུང་དང་སྡེབ་འགོག་བཙོན་འཇུག ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཧྲིལ་པོ་བརྙན་མིག་དང་པར་ཆས་བཙུགས་པའི་བཙོན་ར་ལྟ་བུ་ཞིག་ཏུ་བསྒྱུར་པར་མཐུན་རྐྱེན་མཁོ་སྦྱོར་བྱས་ཡོད་པས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་ཐོངས་མཆན་བཀག་སྡོམ་གྱི་ཐོ་གཞུང་དུ་འཁོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་གཉེར་ཆོག་གི་མེད་པ་རེད། རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་གི་འགལ་ཟླ་དང་ཧོང་ཀོང་གི་ངོ་རྒོལ་ལ་ཨ་མི་རི་ཀས་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་ལ་མི་མཐུན་པའི་འགལ་ཟླ་བྱུང་བ། ད་ལྟ་ཨ་མི་རི་ཀས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་དམར་ཤོག་ཚོགས་པའི་ཚོགས་མི་ཁག་ཅིག་ལ་ཐོངས་མཆན་བཀག་སྡོམ་བྱ་དགོས་པའི་ཁྱབ་བསྒྲགས་བྱས་པར་བརྟེན། གཟའ་ཕུར་བུ་འདིར་ཝ་ཤིང་ཊོན་དུ་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་ཀྱི་ཡོད་པར་འགོག་རྐྱེན་གསར་པ་ཞིག་འཕྲད་ཡོད་པ་རེད།

ཕྱི་ཟླ་༡༠་ཚེས་༩་ཉིན་རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་ཨ་མི་རི་ཀའི་ཐོངས་མཆན་བཀག་སྡོམ་བྱེད་ཀྱི་ཡོད་པར་ངོ་རྒོལ་ཡོད། རྒྱ་ནག་གི་སྡེ་ཁག་༢༨་ལ་ཚོང་ལས་བཀག་སྡོམ་བྱ་དགོས་པའི་ཨ་མི་རི་ཀའི་ཐོ་གཞུང་ནག་པོར་བཀོད་པར་ངོ་རྒོལ་ཡོད། ཨ་མི་རི་ཀས་སྔ་མོ་ནས་རང་ཕྱོགས་རྐྱང་པས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་ཀྱི་ཡོད། ད་ཐེངས་ཨ་མི་རི་ཀས་འགྲོ་བ་མིའི་ཐོབ་ཐང་གི་གདོང་འབག་གྱོན་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་༢༨་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་སོང་། རྒྱ་ནག་གཞུང་གིས་རང་གི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གིས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱ་འཆར་ཡོད་མེད་ཕྱིར་བསྒྲགས་བྱས་མེད་པ་དང་། དེང་སྐབས་ཨ་རིའི་གྲོས་ཚོགས་སུ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG