ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་དང་བཅིངས་འགྲོལ་དམག་གི་ཉེན་བརྡ།


༄༅།། གཟའ་ཉི་མའི་མཚན་མོར་ཧོང་ཀོང་གི་ངོ་རྒོལ་བ་ཚོས་མངའ་ཁུལ་དེར་བཅའ་སྡོད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྒར་ཐོག་ཏུ་ཟེར་མདའ་འཕངས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ། མི་དམངས་བཅིངས་འགྲོལ་དམག་གི་དམག་སྒར་ཐོག་ཏུ་དར་ཆ་སེར་པོ་ཞིག་བཙུགས་ནས་མི་མང་ངོ་རྒོལ་བ་ཚོས་ཁྲིམས་འགལ་བྱེད་ཀྱིན་འདུག རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཧོང་ཀོང་གི་ངོ་རྒོལ་བ་རྣམས་ཁྲིམས་ལ་སྦྱོར་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ད་དུང་དམག་སྒར་གྱི་ཡང་ཐོག་ཏུ་དམག་ཆས་གྱོན་པའི་མི་འགའ་ཞིག་གིས་མི་མང་ངོ་རྒོལ་བ་ཚོར་བརྙན་འཕྲིན་བརྒྱབ་ཀྱང་ཧོང་ཀོང་གི་ངོ་རྒོལ་བ་དང་མངའ་ཁུལ་དེར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གཉིས་ལག་འཛིང་མ་ཐུག་པར་ངོ་རྒོལ་ལས་འགུལ་མཚམས་བཞག་འདུག འདས་པའི་ཟླ་བ་༤་མ་ཟིན་ཙམ་གྱི་རིང་ལ་ཧོང་ཀོང་མི་མང་གིས་ངོ་རྒོལ་ཁྲོམ་སྐོར་བྱས་པར་མངའ་ཁུལ་དེར་བཅའ་སྡོད་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་བར་འགོག་དང་ངོ་རྒོལ་ལས་འགུལ་དེར་ཐེ་གཏོགས་བྱས་མྱོང་མེད་པས་མདང་དགོང་གི་ཉེན་བརྡ་དེར་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པ་སྟེ། གྲོས་ཚོགས་འཐུས་མི་ཆན་གྱིས་མདང་དགོང་གི་ཉེན་བརྡ་དེ་ནི་ཧོང་ཀོང་གི་ངོ་རྒོལ་ཁྲོམ་སྐོར་ལ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་དྲག་གནོན་བྱ་རྒྱུའི་སྔོན་བརྡ་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གི་ཕྱོགས་གཏོགས་ཚོང་པ་འབྱོར་ལྡན་ཁག་དང་བཟོ་ཚོང་བདག་པོ། ལྷག་པར་དུ་རྒྱ་ནག་གིས་ཧོང་ཀོང་ས་གནས་གཞུང་གི་ལས་སྣེ་ཚོའི་གྲས་སུ་བསྐོ་བཞག་བྱས་ཡོད་པའི་མི་ཚོས་མི་དམངས་བཅིངས་འགྲོ་དམག་གི་ཉེན་བརྡ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། དཔེར་ན་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཚོགས་ཆུང་གི་གཙོ་འཛིན་གཞོན་པ་ཏམ་ཝེ་ཊུ་ཡིས་མི་དམངས་བཅིངས་འགྲོལ་དམག་གི་ཉེན་བརྡ་དེ་འོས་ཤིང་འཚམས་པ་ཞིག་རེད། གཟའ་ཉི་མའི་དགོང་མོར་མི་མང་ངོ་རྒོལ་བ་ཚོས་ཀོ་ལུང་ཏུང་དམག་སྒར་གྱི་ཐོག་ཏུ་ཟེར་མདའ་འཕངས་ནས་འཁྲུག་རྩོད་བསླངས་འདུག ངས་བལྟས་ན་མི་དམངས་བཅིངས་འགྲོལ་དམག་གིས་དར་ཆ་སེར་པོ་བསྒྲེངས་ནས་ཉེན་བརྡ་བཏང་བ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། གལ་སྲིད་མི་ཞིག་གིས་ཁྱོད་ལ་སུན་པོ་བྱེད་ན་ཁྱོད་ཀྱིས་མི་དེར་མཚམས་ཞོག་ཅེས་ཉེན་བརྡ་གཏོང་ངེས་རེད། འདི་ནི་མི་དམངས་བཅིངས་འགྲོལ་དམག་གིས་དྲག་གནོན་བྱ་རྒྱུའི་སྔོན་བརྡ་བཏང་བ་ཞིག་མིན་པ་དང་། ང་ལ་ཛ་དྲག་ཆེ་རུ་གཏོང་གི་རེད་སྙམ་པའི་བློ་འཚབ་ཀྱང་མེད་ཅེས་རྒྱ་ནག་མི་དམངས་བཅིངས་འགྲོ་དམག་གི་ཉེན་བརྡ་དེར་རྒྱབ་སྐྱོར་བྱས་འདུག

ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་༨་པར་མངའ་ཁུལ་དེར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་ལ་ལས་འགན་སྒྲུབ་ཏུ་མ་བཅུག་པར་འགལ་རྐྱེན་བསླངས་ན་དེ་ལ་བཀག་སྡོམ་བྱེད་ཆོག་པའི་དབང་ཚད་ཡོད། མི་གང་ཞིག་ཆོག་མཆན་མེད་པར་ཧོང་ཀོང་ཏུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་དམག་སྒར་ལ་འཛུལ་ཞུགས་བྱས་པ་དང་དམག་སྒར་ལ་གཏོར་བཅོམ་བྱས་པ། དམག་སྒར་གྱི་བདེ་འཇགས་ལ་ཉེན་ཀ་བྱུང་ན་དེ་ལ་འགོག་སྡོམ་བྱེད་ཆོག་པའི་དབང་ཚད་ཡོད་ཅེས་བཀོད། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་༨་པ་དེ་ཉིད་ལ་མི་དམངས་བཅིངས་འགྲོལ་དམག་གིས་ཧོང་ཀོང་ས་གནས་ཀྱི་ལས་དོན་ལ་ཐེ་གཏོགས་བྱེད་ཆོག་ཅེས་བཀོད། འོན་ཀྱང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཚོགས་ཆུང་གི་གཙོ་འཛིན་གཞོན་པ་ཏམ་ཝེ་ཊུ་ཡིས་༢༠༡༧་ལོར་ཨོ་མེན་དམིགས་བསལ་ས་ཁུལ་ལ་རྒྱ་མཚོའི་དྲག་ཆར་རླུང་འཚུབ་བྱུང་བའི་དུས་སུ་མི་དམངས་ཉེན་གྲོལ་དམག་གིས་ངལ་སྐྱོབ་དང་གཙང་སྦྲ་སོགས་ཀྱི་ལས་དོན་བསྒྲུབས་ཡོད། དེས་ན་མི་དམངས་བཅིངས་འགྲོལ་དམག་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཆོག་པའི་ལས་འགན་ཡོད་ཅེས་སྒྲུབ་བྱེད་བཀོད་པར་མ་ཟད། ཁོ་མོས་ང་ལ་ཧོང་ཀོང་གི་ཉེན་རྟོག་པ་ཚོས་སྤྱི་དམངས་ཀྱི་བདེ་འཇགས་དང་གྲོང་ཁྱེར་འདིའི་སྒྲིག་སྲོལ་ཁག་ལ་སྲུང་སྐྱོབ་བྱེད་ཐུབ་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ཅེས་བཤད། ཡིན་ནའང་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཊ་ཎི་ཡ་ཆན་གྱིས་མི་དམངས་བཅིངས་འགྲོལ་དམག་ནི་སྒྲིག་ཁྲིམས་ལྡན་པའི་དམག་དཔུང་ཞིག་ཡིན་ཞིང་། ཁོ་ཚོས་དམག་ཆས་གྱོན་ནས་རྒྱང་བསྒྲགས་ཁ་པར་ནང་དུ་ཉེན་བརྡ་བཏང་བ་དང་དར་ཆ་སེར་པོ་བསྒྲེངས་པ་ནི་སྤྱིར་བཏང་གི་ཉེན་བརྡ་ཞིག་མ་རེད། ཁོ་ཚོར་ལས་འགན་ཞིག་བསྒྲུབ་དགོས་པའི་བཀོད་འདོམས་བྱུང་ཡོད་པའི་རྣམ་འགྱུར་གསལ་པོར་བསྟན་སོང་། ཧོང་ཀོང་དུ་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་རྣམས་གྲོང་ཁྱེར་གྱི་བདེ་འཇགས་སྲུང་སྐྱོབ་པ་མིན། འོན་ཀྱང་ཁོ་ཚོས་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་ལས་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་ནི་རྒྱ་ནག་སྐམ་ས་ཆེན་མོའི་འགོ་ཁྲིད་ཚོས་ཐག་གཅོད་བྱ་དགོས་པ་ཞིག་རེད་ཅེས་བཤད་འདུག

དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཊ་ཎི་ཡ་ཆན་གྱིས་ཧོང་ཀོང་ས་གནས་གཞུང་གིས་གདོང་འབག་གྱོན་མི་ཆོག་པའི་ཁྲིམས་ཤིག་ལག་ལེན་བསྟར་པར་ངོ་རྒོལ་ཡོད། ཕྱི་ཟླ་༡༠་པའི་ཚེས་༡་གི་གཞུག་ནས་ཧོང་ཀོང་གི་གནས་སྟངས་གང་ཅིའི་ཐད་དུ་ཇེ་སྡུག་ལ་འགྲོ་བཞིན་པ་འདིར་བློ་འཚབ་ཡོད། གཟའ་མཇུག་འདིར་ངོ་རྒོལ་ལས་འགུལ་ལངས་པའང་གདོང་འབག་གྱོན་མི་ཆོག་པའི་བཅའ་ཁྲིམས་ལག་ལེན་བསྟར་པ་དེར་ཐུག་ཡོད། འདི་ནི་ཧོང་ཀོང་ས་གནས་གཞུང་གིས་ཛ་དྲག་གི་ཁྲིམས་གཞི་བསྡོམས་ནས་སྐྱེ་བོ་སྒེར་གྱི་རང་དབང་ལ་འགོག་སྡོམ་དམ་པོ་བྱ་རྒྱུའི་སྔ་ལྟས་ཡིན་སྲིད། ཧོང་ཀོང་ལ་གདོང་འབག་གྱོན་མི་ཆོག་པའི་ཁྲིམས་ཤིག་ལག་ལེན་བསྟར་པ་རྩ་ཁྲིམས་ཀྱི་དགོངས་དོན་ལ་རྒྱབ་འགལ་རེད། ཅིའི་ཕྱིར་ཞེ་ན་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཁང་མ་བརྒྱུད་པར་ལག་ལེན་བསྟར་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཤིང་། ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཚོགས་ཆུང་གི་གཙོ་འཛིན་གཞོན་པས་ཧོང་ཀོང་གི་བཅའ་ཁྲིམས་ལ་འབྱུང་ཁུངས་གསུམ་ཡོད། དང་པོ་ནི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཡིན་པ་དང་གཉིས་པ་ནི་ཧོང་ཀོང་གི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཡིན། གསུམ་པ་ནི་དབྱིན་ཇིའི་དབང་སྒྱུར་དུས་སུ་གཏན་ལ་ཕབ་པའི་བཅའ་ཁྲིམས་ཁག་ཅིག་ཉར་འཛིན་བྱས་ཡོད་པ་རྣམས་ཡིན། གདོང་འབག་གྱོན་མི་ཆོག་པའི་ཁྲིམས་ནི་༡༩༩༧་སྔོན་ནས་ཡོད་པའི་ཁྲིམས་ཤིག་ཡིན་པས་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ལ་ཁྲིམས་དེ་ལག་ལེན་བསྟར་ཆོག་པའི་དབང་ཚད་ཡོད་ཅེས་གྲོས་ཚོགས་འཐུས་མི་ཆན་ལ་དགག་པ་བརྒྱབ་འདུག

ཉེ་ཆར་ཧོང་ཀོང་གི་ཉེན་རྟོག་པས་ལོ་ན་༡༨་ལ་སོན་པའི་སློབ་ཕྲུག་ན་གཞོན་ཞིག་གི་བྲང་ཁར་མེ་མདའ་བརྒྱབ་ནས་རྨས། སློབ་ཕྲུག་དེས་སློབ་སྦྱོང་བྱ་ཡུལ་སློབ་གྲྭའི་དགེ་རྒན་ཚོས་སློབ་ཕྲུག་ལ་ཚད་ལས་བརྒལ་བའི་དྲག་གནོན་བྱས་པར་སྐྱོན་བརྗོད་དང་སློབ་ཕྲུག་གི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསལ་བསྒྲགས་སྤེལ། ད་ལྟ་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཧོང་ཀོང་གི་དགེ་རྒན་དེ་ཚོ་རྒྱལ་གཅེས་རིང་ལུགས་པ་མ་རེད། ཁོ་ཚོས་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་ལ་ཁ་རྡུང་གཏོང་གི་མི་འདུག དགེ་རྒན་ཚོས་སློབ་ཕྲུག་གིས་དྲག་ཟིང་སློང་གི་ཡོད་པར་གླེང་སློང་མི་བྱེད་པར་བཏང་སྙོམས་སུ་འཇོག་གི་ཡོད་ཅིང་། དགེ་རྒན་ཚོས་ན་གཞོན་གྱི་བློ་འཚབ་ལ་མོས་མཐུན་ཡོད། ཉེན་རྟོག་པ་ཚོས་ཚད་ལས་བརྒལ་བའི་དྲག་གནོན་བྱེད་ཀྱི་ཡོད་པར་ཁ་རྡུང་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་འདུག འདི་ནི་ཧོང་ཀོང་གི་དགེ་རྒན་དང་སློབ་གྲྭ་ཁག་ཅིག་ལམ་ལོག་འཕྱན་ཡོད་པའི་རྟགས་མཚན་རེད། དགེ་རྒན་གྱི་ལྟ་བ་ནོར་པ་དེས་ན་གཞོན་མང་པོ་ཞིག་གི་བསམ་བློའི་ནང་ལ་དུག་འདེབས་ཀྱི་འདུག་ཅེས་བསྒྲགས། ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཟུར་པ་ལེང་ཁྲུང་དབྱིང་གིས་སློབ་ཕྲུག་དེ་སློབ་གྲྭ་ནས་ཕྱིར་ཕུད་གཏོང་དགོས། སློབ་གྲྭའི་སློབ་གཙོ་ཡང་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་རྩོམ་ཐུང་ཞིག་སྤེལ་འདུག ད་ལྟ་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོས་མི་མང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཧོང་ཀོང་གི་སློབ་གྲྭ་ཁག་དང་དགེ་རྒན། མི་མང་གི་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱེད་མཁན་ཧོང་ཀོང་གི་སློབ་གྲྭ་ཁག་དང་དགེ་རྒན་རྣམས་རྒྱལ་གཅེས་རིང་ལུགས་པ་མ་རེད་ཅེས་ཉེས་འཛུགས་བྱེད་པའི་ཐབས་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་རེད།

XS
SM
MD
LG