ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་ངོ་རྒོལ་བས་གདོང་འབག་གྱོན་མི་ཆོག་པའི་ཁྲིམས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༡༠་པའི་ཚེས་༣་ཉིན་རོ་ཡེ་ཊར་གསར་འགྱུར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན་ཧོང་ཀོང་ས་གཞུང་གིས་མ་འོངས་པར་ཧོང་ཀོང་ལ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་མཁན་ཚོས་གདོང་འབག་གྱོན་མི་ཆོག་པའི་ཛ་དྲག་གི་ཁྲིམས་གཞི་ཞིག་ཁྱབ་བསྒྲགས་བྱས་འདུག ཁྲིམས་གཞི་འདི་སང་ཉིན་གཟའ་པ་སངས་ཀྱི་ཉིན་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་ཁྱབ་བསྒྲགས་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཁྲིམས་གཞི་འདིས་མ་འོངས་པར་ངོ་རྒོལ་དང་ཁྲོམས་སྐོར། འདུ་འཛོམས་ཀྱི་ལས་འགུལ་སྤེལ་བའི་སྐབས་སུ་མི་མང་ལས་འགུལ་བ་ཚོས་གདོང་འབག་གྱོན་པ་ཡིན་ན་ཁྲིམས་འགལ་དུ་བརྩིས་ནས་དོ་བདག་འཛིན་བཟུང་བྱ་རྒྱུའི་འཆར་གཞི་ཡིན་རུང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་ལས་འགུལ་གྱི་སྐབས་སུ་ཁ་རས་རྒྱག་པ་དང་སྐྱོབ་ཞྭ་སེར་པོ་གྱོན་པ། མིག་ཤེལ་ནག་པོ་གྱོན་པ་དང་དབུགས་འབྱིན་རྔུབ་ཀྱི་ཡོ་བྱད་མཉམ་འཁྱེར་བྱས་པ་ནི་ཉེན་རྟོག་པས་མཆི་སྦྱིན་དུག་རླངས་འཕེན་གྱི་ཡོད་པ་དང་མེ་མདའ་བརྒྱབ་པའི་དུས་་སུ་རང་ཉིད་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཞེས་བཀྲལ། ཧོང་ཀོང་གཞུང་གིས་དོགས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཕྱིར་བསྡུ་བྱས་ཀྱང་ངོ་རྒོལ་ལས་འགུལ་བ་ཚོས་ས་གནས་སྲིད་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ནས་དུས་ཡུན་ཟླ་བ་བཞིའི་རིང་དུ་ངོ་རྒོལ་བྱས་འདུག

ད་སྔ་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་ངོ་རྒོལ་ལས་འགུལ་འདི་ཞི་འཇམ་དུ་གཏོང་རྒྱུའི་ཐབས་ལམ་ཅི་ཡང་རྙེད་མེད། ཐེངས་འདིའི་གདོང་འབག་གྱོན་མི་ཆོག་པའི་ཁྲིམས་གཞི་ནི་ངོ་རྒོལ་ལས་འགུལ་བ་རྣམས་ལ་ཚོད་འཛིན་བྱེད་པར་ཁ་གཡོར་ས་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་ཅིང་། ནན་ཧྭ་ཞོགས་པའི་ཚགས་པར་སྟེང་དུ་གསར་འགྱུར་བཀོད་པ་དེའི་ནང་དུ་ཧོང་ཀོང་གཞུང་གི་འགོ་ཁྲིད་ཚོས་ཛ་དྲག་གི་ཁྲིམས་གཞི་ཞེས་པ་ཞིག་ལ་ཁ་གཡར་ནས་ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཚོགས་ལ་གཡོལ་ཐབས་བྱེད་བཞིན་པར་མ་ཟད། མ་འོངས་པར་ཁྲིམས་གཞི་འདི་ལ་ཁ་གཡར་ནས་ཧོང་ཀོང་མི་དམངས་ཀྱི་ཁྲོམ་སྐོར་འདུ་འཛོམས་ལ་བཀག་འགོག་བྱ་འཆར་ཡོད་པ་ནི་སྔོན་གྱི་མི་སེར་སྤེལ་བའི་དུས་སྐབས་ཀྱི་དབང་སྒྱུར་བྱེད་སྟངས་དང་གཅིག་མཚུངས་རེད་ཅེས་སྐྱོན་བརྗོད་བྱས་འདུག


སྤྱི་ཟླ་༡༠་པའི་ཚེས་༡་གི་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་ཧོང་ཀོང་ས་གནས་སུ་མུ་མཐུད་དུ་ངོ་རྒོལ་ལས་འགུལ་སྤེལ་བས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ལོི་ན་༡༨་ཅན་གྱི་ངོ་རྒོལ་ལས་འགུལ་བ་ཞིག་གི་བྲང་ཁོག་ལ་མདེའུ་ཕོག་སྟེ་རྨས། ཉིན་དེར་མཆི་སྦྱིན་དུག་རླངས་སྟོང་ཕྲག་གཅིག་ལྷག་མི་དམངས་ཀྱི་ཁྲོད་དུ་འཕངས་ནས་ཧ་ཅང་གི་ཛ་དྲག་ཆེན་པོ་ཞིག་ཏུ་གྱུར། ཁ་སང་གཟའ་ལྷག་པའི་ཉིན་ཡང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཁྲི་ཚོ་གཅིག་བརྒལ་བ་ཞིག་གིས་ཧོང་ཀོང་གི་ཉེན་རྟོག་པས་མེ་མདའ་བརྒྱབ་པའི་བྱེད་སྟངས་ལ་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་དུ་སྤེལ། འདི་ལྟ་བུའི་ཛ་དྲག་ཅན་གྱི་གནས་སྟངས་འོག་ཏུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་རྣམས་ཀྱིས་རང་གི་བདེ་ཐང་ལ་སྲུང་སྐྱོབ་ཀྱི་ཆེད་དུ་གདོང་འབག་གྱོན་པ་ཁྲིམས་མཐུན་ཞིག་མིན་མོད། འོན་ཀྱང་རྒྱ་ནག་པེ་ཅིང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་སོགས་ཀྱིས་ཧོང་ཀོང་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་གདོང་འབག་གྱོན་མི་ཆོག ཛ་དྲག་གི་ཁྲིམས་གཞི་ལག་བསྟར་བྱ་རྒྱུའི་དགོས་འདུན་འདོན་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་མི་དམངས་ཀྱིས་ཀྱང་དྲྭ་ལམ་དུ་མིང་རྟགས་བསྡུ་རུབ་ཀྱིས་ངོ་རྒོལ་ལས་འགུལ་བ་ཚོས་གདོང་འབག་གྱོན་གྱི་ཡོད་པ་ཧོང་ཀོང་གཞུང་གིས་ཁྲིམས་འགལ་དུ་བསྒྱུར་ནས་སྟངས་འཛིན་ནན་པོ་བྱ་དགོས་ཞེས་དགོས་འདུན་བཏོན། དེ་བཞིན་རྒྱ་ནག་གི་གོ་ལའི་དུས་བབ་གསར་ཤོག་དང་ལྟ་ཞིབ་དུས་དེབ་སོགས་ཀྱི་དྲྭ་ཚིགས་སུའང་འདི་ལ་ཡོངས་གྲགས་ཀྱིས་དཔྱད་བརྗོད་མང་པོ་སྤེལ་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་གདོང་འབག་གྱོན་པ་ནི་མི་ངོ་མི་ཟིན་པའི་ཆེད་དུ་རེད། ཁོ་ཚོས་ཁྲིམས་ལ་གཡོལ་ཐབས་སུ་གདོང་འབག་དང་སྐྱོབ་ཞྭ་སེར་པོ། ལྭ་ནག་པོ་སོགས་གྱོན་གྱི་ཡོད་པར་དམིགས་ཡུལ་དང་འཆར་གཞི་འདུག ཁོ་ཚོས་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་ཐབས་སུ་གདོང་འབག་གྱོན་གྱི་ཡོད་པས་ཁྲིམས་འགལ་དུ་བསྒྱུར་དགོས་ཞེས་ཁ་རྡུང་གཏོང་གི་ཡོད་པ་རེད།

XS
SM
MD
LG