ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

བྱང་ཀོ་རི་ཡས་སླར་ཡང་འཕུར་མདེལ་ཞིག་འཕངས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷོ་ཀོ་རི་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན་དེ་རིང་གཟའ་ལྷག་པའི་ཞོགས་པར་བྱང་ཀོ་རི་ཡའི་ཀོང་ཝུན་ཏོ་ས་ཁུལ་གྱི་བྱང་ཕྱོགས་ནས་བྱང་ཀོ་རི་ཡའི་ཤར་ཕྱོགས་མཚོ་རྒྱུད་དུ་འཕེན་རྒྱང་རིང་ཐུང་མ་ངེས་པའི་འཕུར་མདེལ་ཞིག་འཕངས་ཡོད་ཅིང་། འཕུར་མདེལ་འདི་གཅིག་བྱས་ན་བྱང་ཀོ་རི་ཡས་མཚོ་འོག་དམག་གྲུ་ཞིག་གི་སྟེང་དུ་འཕངས་ཡོད་པ་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག འདི་ནི་བྱང་ཀོ་རི་ཡའི་ཉིན་གྲངས་ཉེར་གཉིས་ཀྱི་རྗེས་སུ་སླར་ཡང་འཕུར་མདེལ་ཞིག་འཕངས་པ་དང་། ད་ལོ་བྱང་ཀོ་རི་ཡས་བསྟུད་མར་ཐེངས་མང་པོར་འཕུར་མདེལ་འཕངས་པའི་གྲས་ཀྱི་ཐེངས་བཅུ་གཅིག་པ་དེ་ཆགས་ཡོད་པ་རེད།

ད་ཐེངས་ཀྱི་གནས་ཚུལ་འདི་ཐོན་པའི་རྗེས་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་བྱང་ཀོ་རི་ཡར་ཉེན་བརྡ་བཏང་སྟེ་འཁྲུག་རྐྱེན་མ་བསླངས་ན་དགེ་མཚན་ཆེ། བྱང་ཀོ་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་བཞག་པའི་གྲོས་ཆོད་ཀྱི་འབྲུ་དོན་ཁག་ལ་ཁས་ལེན་དང་བརྩི་སྲུང་བྱ་དགོས། ཁོ་ཚོས་མུ་མཐུད་དུ་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་རྒྱུན་འཁྱོངས་བྱ་དགོས་པ་དང་ཀོ་རི་ཡ་ཕྱེད་གླིང་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུར་འགན་ཁུར་བླངས་ནས་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྲུར་ཐུབ་པའི་འབད་བརྩོན་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག་ཅེས་བསྒྲགས་པ་རོ་ཡེ་ཊར་གསར་འགྱུར་ཁང་གིས་གསར་འགྱུར་སྤེལ་འདུག

དབྱེ་ཞིབ་པ་ཁ་ཤས་ཀྱིས་ཐེངས་འདིར་བྱང་ཀོ་རི་ཡས་འཕུར་མདེལ་འཕངས་པའི་རྒྱུ་རྐྱེན་ནི་སྤྱི་ཟླ་༡༠་པའི་ཚེས་༡་ཉིན་ལྷོ་ཀོ་རི་ཡའི་དམག་སྡེ་རྗེས་དྲན་ཐེངས་༧༡་པའི་ཉིན་མོར་ཨ་རི་ནས་ནང་འདྲེན་བྱས་པའི་ཨེབ་ཧྥུ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འགྲེམ་སྟོན་བྱས་པར་མ་དགའ་བའི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པར་མ་ཟད། ཉི་ཧོང་གི་རྒྱལ་སྲིད་ལྷན་ཁང་གི་འགོ་ཁྲིད་ཀོན་ཅན་དབྱིས་བཤད་པ་ལྟར་ན་དེ་རིང་བྱང་ཀོ་རི་ཡས་འཕངས་པའི་འཕུར་མདེལ་གཅིག་ཉི་ཧོང་གི་དཔལ་འབྱོར་མཚོ་ཁོངས་སུ་ལྷུང་ཞིང་། འཕུར་མདེལ་གཞན་ཞིག་ཉི་ཧོང་གི་དཔལ་འབྱོར་མཚོ་ཁོངས་ཀྱི་ཕྱི་རོལ་ཏུ་ལྷུང་སོང་ཞེས་བཀྲལ། བྱང་ཀོ་རི་ཡས་འཕུར་མདེལ་མ་འཕངས་པའི་སྔ་ཉིན་དེར་གསལ་བསྒྲགས་སྤེལ་ནས་ཨ་རི་ལ་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐོག་ཏུ་གྲོས་མོལ་འཕྲོ་སྐྱོང་བྱ་འདོད་ཡོད་ཅེས་བསྒྲགས། ཡང་དབྱེ་ཞིབ་པ་ཁ་ཤས་ཀྱིས་བྱང་ཀོ་རི་ཡས་ཨ་རི་ལ་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་འཕྲོ་སྐྱོང་བྱ་འདོད་ཡོད་ཅེས་སྒྲོགས་ཀྱི་ཡོད་པའི་སྐབས་འདིར་འཕུར་མདེལ་འཕེན་བཞིན་པ་འདིས་བྱང་ཀོ་རི་ཡའི་འཕུར་མདེལ་ཚོད་ལྟ་ཁག་ལམ་ལྷོངས་ལྡན་པར་གྱུར་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་འཕུར་མདེལ་གྱི་རིགས་བཟོ་མི་ཆོག་ཅེས་གྲོས་ཆོད་བཞག་ཡོད་པར་ངོས་ལེན་བྱ་རྒྱུ་མིན་པའི་རྟགས་ཤིག་ཡིན་སྲིད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡས་འབེན་ཕོག་འཕུར་མདེལ་གྱི་རིགས་བཟོ་མི་ཆོག་ཅེས་གྲོས་ཆོད་བཞག་ཡོད་པས་བྱང་ཀོ་རི་ཡའི་རང་སྲུང་གི་ཐོབ་ཐང་ལ་རྒྱལ་ཚོགས་ཀྱིས་བརྩི་མེད་བཏང་སོང་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གིས་བྱང་ཀོ་རི་ཡས་ཨ་རི་ལ་ཟླ་བ་འདིའི་སྤྱི་ཚེས་༥་ཉིན་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་བྱ་རྒྱུ་ཡིན། ཐེངས་འདིའི་གྲོས་མོལ་གྱི་སྐབས་སུ་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་ལམ་ལྷོངས་ཡོང་བའི་རེ་བ་ཡོད་ཅེས་བསྒྲགས། ཨ་རིའི་སྲིད་འཛིན་གྱིས་བྱང་ཀོ་རི་ཡ་དང་ཨི་རན་གྱི་གནད་དོན། ད་དུང་དེ་མིན་གྱི་གནད་དོན་ཁག་ཅིག་ལ་གྲོས་ཁ་མི་མཐུན་པའི་རྒྱུ་མཚན་ཇི་སྙེད་ཅིག་བགྲངས།

ཉེ་ཆར་གནས་དབྱུང་བཏང་མ་ཐག་པའི་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཟུར་པ་ཇཱོན་བྷོ་ཊོན་གྱིས་བྱང་ཀོ་རི་ཡས་རྒྱལ་སྤྱིའི་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་ཁག་ཕྱིར་འཐེན་ཡོང་རྒྱུར་དམིགས་ནས་གནས་སྐབས་སུ་བསྟུན་ཐབས་བྱ་སྲིད། ཡིན་ནའང་ཁོ་ཚོས་ནམ་ཡང་རང་འགུལ་གྱི་སྒོ་ནས་རྡུལ་ཕྲན་མཚོན་ཆ་རྩ་མེད་དུ་གཏོང་སྲིད་རྒྱུ་མ་རེད། ད་ལྟ་བྱང་ཀོ་རི་ཡས་རྡུལ་ཕྲན་འཕུར་མདེལ་རྣམས་ཚོད་ལྟ་བྱེད་ཀྱི་མེད་པ་ནི་ཡག་རྟགས་ཤིག་མིན། འདི་ལ་དོགས་ཟོན་བྱ་དགོས་པ་དང་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ལེགས་གྲུབ་བྱུང་ཡོད་པའི་རྟགས་སུ་མངོན། ཁོ་ཚོས་མུ་མཐུད་དུ་ཚོད་ལྟ་བྱེད་པའི་དབང་དུ་བཏང་རུང་འཕེན་རྒྱང་རིང་བའི་འཕུར་མདེལ་ལ་ཚོད་ལྟ་བྱེད་ན་མ་གཏོགས་མཚོན་ཆ་གཞན་རྣམས་ལེགས་གྲུབ་བྱུང་ཡོད་པ་རེད་ཅེས་བཤད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱང་ཀོ་རི་ཡའི་རྒྱུན་ཞུགས་སྐུ་ཚབ་ཀྱིས་ཐེངས་འདིའི་གྲོས་མོལ་བརྒྱུད་ནས་བཟང་ཕྱོགས་ཀྱི་གོ་སྐབས་ཞིག་བསྐྲུན་པའམ། ཡང་ན་ཉེན་ཁ་ཆེ་རུ་གཏོང་རྒྱུའི་ཐག་གཅོད་ཅི་ཞིག་བྱ་རྒྱུ་ཡིན་མིན་ནི་ཨ་རིའི་ཐག་གཅོད་ལ་ཐུག་ཡོད་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG