ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨིལ་ཧམ་དྷོ་དི་ལ་༢༠༡༩་ལོའི་ཧ་ཝྭེལ་གྱི་གཟེངས་རྟགས་ཐོབ།


ཨིལ་ཧམ་དྷོ་དི་ལ་༢༠༡༩་ལོའི་ཧ་ཝྭེལ་གྱི་གཟེངས་རྟགས་ཐོབ།
ཨིལ་ཧམ་དྷོ་དི་ལ་༢༠༡༩་ལོའི་ཧ་ཝྭེལ་གྱི་གཟེངས་རྟགས་ཐོབ།

༄༅།། ༢༠༡༩་ལོའི་ཝྭ་སི་ལཱ་ཧ་ཝྭེལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཤེས་ཡོན་ཅན། དགེ་རྒན་ཆེན་མོ་ཨིལ་ཧམ་དྷོ་དི་དང་བྷན་ཁན་མངའ་ཁུལ་གྱི་ན་གཞོན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་གཉིས་ལ་ཐུན་མོང་དུ་སྤྲད་འདུག དགེ་རྒན་ཆེན་མོ་ཨིལ་ཧམ་དྷོ་དི་ལ་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་གྱི་ནག་ཉེས་བཙུགས་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད། ན་གཞོན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཚོགས་པ་ནི་བྷོལ་ཁན་མངའ་ཁུལ་དུ་ཞི་བདེ་དང་འཆམ་མཐུན། མི་རིགས་དང་ཆོས་ལུགས་མ་འདྲ་བ་རྣམས་ཞི་འགྲིག་དང་མཉམ་གནས་ཡོང་ཐབས་སུ་ལོ་མང་རིང་འབད་བརྩོན་བྱས་པའི་ཚོགས་པ་ཞིག་རེད།

ཕྱི་ཟླ་༡༠་པའི་ཚེས་༡་ཉིན་ཡུ་རོབ་མཉམ་འབྲེལ་གྱི་གྲོས་ཚོགས་སྒོ་འབྱེད་ཉིན་གཟེངས་རྟགས་འབུལ་བཞེས་ཀྱི་དམིགས་བསལ་གྱི་མཛད་སྒོ་ཚོགས། ཨིལ་ཧམ་དྷོ་དི་ནི་ཡུ་གུར་མི་རིགས་དང་རྒྱ་ནག་གི་ཤེས་ཡོན་ཅན་སྐད་གྲགས་ཅན་ཞིག་ཡིན། ཁོང་གིས་ལོ་༢༠་ལྷག་ལ་ཡུ་གུར་མི་རིགས་ཀྱི་གནས་སྟངས་ཡར་རྒྱས་དང་མི་རིགས་ཕན་ཚུན་རྒྱུས་ལོན། རྒྱ་ནག་རྒྱུས་ལོན་བཅས་ལ་ལས་དོན་བསྒྲུབས་ཡོད་ཅེས་བྱས་རྗེས་ཀྱི་རྗོད་ཚིག་དེར་བཀོད། ཨིལ་དྷམ་དྷོ་དི་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པས་དངོས་སུ་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་བཅར་ཐུབ་མེད་ཅིང་། ཁོང་གི་ཚབ་ལ་ཨིལ་ཧམ་དྷོ་དིའི་ལས་འགུལ་ཚོགས་པ་ཞེས་པ་ཞིག་གི་སྐུ་ཚབ་ཀྱིས་གཟེངས་རྟགས་བཞེས་འདུག

ན་གཞོན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པ་ནི་༢༠༠༣་ལོར་ཚུགས་པའི་ཡུ་རོབ་ཀྱི་བྷོལ་ཁན་མངའ་ཁུལ་གྱི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེས་བྷོལ་ཁན་མངའ་ཁུལ་གྱི་བྷོ་ཛི་ཎི་ཡ་དང་ཧར་ཚ་གྷོ་ཝྭི་ནའི་ཁ་ཆེ་དང་སབ་མི་རིགས། ཁུ་རོ་ཊི་མི་རིགས་བཅས་ལ་ལོ་རྒྱུས་ཐོག་ཏུ་ཆོས་ལུགས་དང་མི་རིགས། སྐད་ཡིག་དང་རིག་གཞུང་བཅས་ཀྱི་འགལ་ཟླ་ཡོད་པ་དང་། ལྷག་པར་དུ་ལོ་རབས་༩༠་ནང་དུ་བྷོ་ཛི་ཎི་ཡའི་དམག་འཁྲུག་ལངས་ནས་ཁ་ཆེ་དང་སབ་མི་རིགས། ཁུ་རོ་ཊི་མི་རིགས་བཅས་ཀྱི་འགལ་ཟླ་དང་ཞེ་འཁོན་ཆེ་རུ་ཕྱིན་ཏེ་མི་གསོད་ཁྲག་སྦྱོར་གྱི་འཐབ་འཁྲུག་ལོ་མང་ལངས། སྟོང་ལོ་གསར་པའི་མགོ་སྟོད་ནས་བྷལ་ཁན་མངའ་ཁུལ་དུ་ཞི་བདེ་བརྟན་ལྷིང་གི་རྩ་བ་སླར་གསོ་བྱུང་། ན་གཞོན་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པས་བྷལ་ཁན་མངའ་ཁུལ་ལ་སླར་ཡང་མི་རིགས་དང་ཆོས་ལུགས། སྐད་ཡིག་དང་རིག་གཞུང་གི་འཐེན་འཁྱེར་ཐོག་ཏུ་དམག་འཁྲུག་ལང་སྲིད་པ་འགོག་ཐབས་དང་མངའ་ཁུལ་དེའི་ཆོས་ལུགས་དང་མི་རིགས་མི་འདྲ་བ་རྣམས་ཞི་བདེ་དང་འཆམ་མཐུན་ངང་དུ་འཚོ་གནས་ཐུབ་ཐབས་ཀྱི་ལས་འགུལ་སྤེལ་བའི་མཛད་རྗེས་ལ་ངོས་འཛིན་ཐོབ།

ཝྭ་སི་ལཱ་ཧ་ཝྭེལ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ནི་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རླབས་ཆེན་གྱི་སྲིད་འཛིན་འདས་པོ་ཝྭ་སི་ལཱ་ཧ་ཝྭེལ་གྱི་མཚན་ཐོག་ཏུ་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། སྲིད་འཛིན་དམ་པ་ཧ་ཝྭེལ་ནི་འཁྲབ་གཞུང་རྩོམ་པ་པོ་དང་ཤེས་ཡོན་ཅན། ཁོང་གིས་ལོ་མང་རིང་ཆེཀ་མི་དམངས་ཀྱི་རང་དབང་དོན་དུ་གཅིག་སྡུད་རིང་ལུགས་ལ་ངོ་རྒོལ་བྱས་པར་མ་ཟད། ༡༩༨༩་ལོར་སྲིད་འཛིན་དམ་པ་ཧ་ཝྭེལ་གྱིས་གསར་བརྗེ་བསླངས་ནས་ཨུ་རུ་སུའི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་དང་། ཨུ་རུ་སུའི་དམར་ཤོག་ལམ་ལུགས་འཐོར་ཞིག་སོང་བའི་རྗེས་སུ་ཆེཀ་དང་སི་ལ་ཝྭ་ཀི་ཡ་གཉིས་ལ་རང་བཙན་ཐོབ། ཝྭ་སི་ལཱ་ཧ་ཝྭེལ་དམ་པ་དེ་ཉིད་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོར་འདེམས་ཐོན་བྱུང་། ཁོང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ཕུ་རཀ་གྲོང་ཁྱེར་དུ་གཞུང་འབྲེལ་གྱིས་གདན་འདྲེན་ཞུས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་སྲིད་འཛིན་དམ་པ་ཧ་ཝྭེལ་གྱི་སྐུ་ཚེ་ཧྲིལ་པོའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་གྱུར། ད་ལྟའང་ཡུ་རོབ་རྒྱལ་ཁབ་ཁག་གི་གྲས་སུ་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དེ་འདྲ་ཞིག་རྒྱལ་ཁབ་གཞན་དུ་མེད་ཅིང་། ༧གོང་ས་མཆོག་དང་བོད་མི་དམངས་ལའང་ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ཝྭ་སི་ལ་ཧ་ཝྭེལ་དམ་པ་དེ་ཉིད་ཕྱི་ཐག་རིང་བ་དང་ཡིད་རྟོན་རུང་བའི་བོད་དོན་འཐབ་རྩོད་ཀྱི་རྒྱབ་སྐྱོར་པ་དང་གྲོགས་པོ་ཞིག་ཏུ་གྱུར།

ཡུ་སྒོར་ཁྲི་ཚོ་༦་གི་ཝྭ་སི་ལཱ་ཧ་ཝྭེལ་གྱི་མཚན་ཐོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་འདི་ཕྱི་ལོ་༢༠༡༣་ནས་སྤྲོད་འགོ་ཚུགས། ཐོག་མར་བྷེ་ལོ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བྷི་ཡ་ལི་ཡ་ཚི་ཀི་དང་ཨ་ཛར་བྷ་ཇཱན་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཨ་ནར་མ་མ་ཌི་ལི། ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཨ་ལེཀ་སི་ཝྭ། ཨི་རཀ་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ན་དྷི་ཡ་མུ་ར་ཌི། ཏུར་ཀིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཨར་སི་ལན་བཅས་ལ་གོ་རིམ་ལྟར་ཐོབ། ཧ་ཝྭེལ་གྱི་སྤྱི་ཚོགས་ཞབས་ཞུའི་ཁྱད་འཕགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐེངས་༦་པ་ཨུ་རུ་སུའི་མངའ་འོག་ཏུ་ཡོད་པའི་ཆེ་ཆི་ཎི་ཡའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པར་ཐོབ། ༢༠༡༨་ནས་ཨུ་རུ་སུའི་གཞུང་གིས་ཆེ་ཆི་ཎི་ཡའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་འགོ་ཁྲིད་ཊི་ཊི་ཡེབ་བཙོན་དུ་བཅུག་འདུག ལོ་ལྟར་སི་ཊི་ར་སི་བྷག་གྲོང་ཁྱེར་དུ་ཡུ་རོབ་གྲོས་ཚོགས་ཀྱི་སྟོན་དུས་ཀྱི་ཚོགས་དུས་འགོ་ཚུགས་དུས་ཧ་ཝྭེལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་སྤྲོད་ཀྱི་ཡོད་པ་རེད།།

XS
SM
MD
LG