ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༦/༡༥

རྒྱལ་སྟོན་དུས་ཆེན་ཉིན་ཧོང་ཀོང་ལ་ངོ་རྒོལ་བྱ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཡོངས་སུ་ཕྱིར་བསྡུ་བྱ་དགོས་ཞེས་དགོས་འདུན་དོན་ཚན་ལྔ་བཏོན་ནས་ངོ་རྒོལ་ལས་འགུལ་སྤེལ་ཏེ་དུས་ཡུན་ཟླ་བ་༣་ཕྱིན་ཀྱང་ད་དུང་ཡང་ལས་འགུལ་དེ་དག་མཚམས་འཇོག་བྱས་མེད་ཅིང་། རྒྱ་ནག་གཞུང་གིས་སྤྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱལ་ཁབ་བཙུགས་ནས་ལོ་༧༠་ཧྲིལ་པོ་འཁོར་བའི་དུས་སྟོན་གཟབ་རྒྱས་ཤིག་འཚོགས་འཆར་ཡོད་པའི་སྐབས་འདིར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་ས་གནས་སྲིད་གཞུང་ལ་སྙན་ཞུ་ཕུལ། ཁོ་ཚོས་༡༠་པའི་ཚེས་༡་ཉིན་རྒྱ་ནག་གི་རྒྱལ་ཁབ་བཙུགས་པའི་དུས་ཆེན་གྱི་ཉིན་མོར་རྒྱལ་ཁབ་ཀྱི་དོན་དུ་བློས་གཏོང་བྱེད་མཁན་ཚོར་རྗེས་དྲན་ཞུ་བའི་ཉིན་མོ་ཟེར་བ་ཞིག་ལས་རྒྱལ་ཁབ་བཙུགས་པའི་སྟོན་མོ་ཟེར་བ་ཞིག་མེད་ཅེས་འཁོད་པའི་བརྗོད་གཞིའི་ཐོག་ཏུ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ་ཡིན། གལ་ཏེ་སྲིད་གཞུང་གིས་ངོ་རྒོལ་ལས་འགུལ་འདི་སྤེལ་རྒྱུར་ཆོག་མཆན་མ་སྤྲད་ཀྱང་ལས་འགུལ་བ་ཚོས་ཧོང་ཀོང་གི་ཅུག་ལུང་ས་ཁུལ་དུ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བསྒྲགས།

རྒྱ་ནག་གཞུང་གིས་༡༠་པའི་ཚེས་༡་ཉིན་གཞུང་འབྲེལ་གྱི་མཛད་སྒོ་རྒྱ་ཆེན་ཞིག་ཚུགས་ཀྱི་ཡོད་པ་དེར་ངོ་རྒོལ་ལས་འགུལ་བས་བར་ཆད་མི་གཏོང་བའི་ཆེད་དུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་རྣམས་འགོག་ཐབས་ཀྱི་བྱ་ཐབས་འདྲ་མིན་ཞིག་ལག་ལེན་བསྟར་པའམ། ཡང་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་སྔར་བཞིན་ཧོང་ཀོང་མི་དམངས་ལ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་ཁག་རང་དབང་གི་སྒོ་ནས་སྨྲ་བརྗོད་བྱེད་དུ་འཇུག་རྒྱུ་ཡིན་མིན་ལ་ཉམས་ཞིབ་པ་ཚོས་དབྱེ་ཞིབ་དང་ཚོད་དཔག་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་ཅིང་། ཐེངས་འདིའི་རྒྱ་ནག་གི་རྒྱལ་ཁབ་བཙུགས་ཏེ་ལོ་༧༠་འཁོར་བའི་དུས་སྟོན་གྱི་ཉིན་མོ་འདི་ཡང་ཧོང་ཀོང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་མེད་ལ་ཉམས་ཚོད་ལེན་རྒྱུའི་གནད་འགག་གི་དུས་སྐབས་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་པར་མ་ཟད། ཧོང་ཀོང་གི་དམངས་སེམས་ཉམས་ཞིབ་ཁང་གི་འགན་འཛིན་ཀྲོང་ཐིན་ཡོ་ཞེས་པ་ཞིག་གིས་ངས་བལྟས་ན་མ་འོངས་པའི་སྤྱི་ཟླ་༡༠་པའི་ཚེས་༡་གམ། ཡང་ན་སྤྱི་ཟླ་༩་པའི་ཚེས་༣༠་ཉིན་མི་རྣམས་ཁྲོམ་གཞུང་དུ་འཛོམས་ནས་ངོ་རྒོལ་ལས་འགུལ་འདྲ་མིན་ཞིག་སྤེལ་ནས་རྒྱ་ནག་གཞུང་ངོ་ཚར་གཏོད་ངེས་པ་རེད། སྤྱིར་བཏང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ནི་རྒྱ་ནག་གཞུང་ལ་མཚོན་ན་བློ་རྒྱ་ཆེན་པོའི་སྒོ་ནས་ངོས་ལེན་དང་བསམ་ཤེས་བྱ་དགོས་པའི་ལམ་ལུགས་ཤིག་དང་སློབ་སྦྱོང་བྱ་དགོས་པའི་ལམ་ལུགས་ཞིག་རེད། ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་འགྲོ་སྟངས་ཡོད་པ་འདིས་རྒྱ་ནག་དམར་ཤོག་གཞུང་གིས་དོན་དངོས་སུ་མ་རྩ་རིང་ལུགས་ཀྱི་ལམ་ལུགས་ལ་བསམ་ཤེས་དང་ངོས་ལེན་བྱེད་ཐུབ་མིན་ཉམས་ཚོད་ཆེན་པོ་ཞིག་རེད་ཅེས་བཤད།།

ཉེ་ཆར་སྤྱི་ཟླ་༩་པའི་ཚེས་༢༤་ཉིན་ཧོང་ཀོང་གི་སྤྱི་ཁྱབ་འགན་འཛིན་ཁེ་རི་ལམ་གྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན་མ་འོངས་པའི་སྤྱི་ཟླ་༡༠་པའི་ཚེས་༡་ཉིན་གྱི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཡང་དེ་སྔོན་༧་པའི་ཚེས་༡་ཉིན་ཧོང་ཀོང་བདག་དབང་རྒྱ་ནག་གིས་ཕྱིར་ལེན་བྱས་པའི་དུས་སྟོན་ལྟར་ལས་རིམ་ཆ་ཚང་ཞིག་ཁང་པའི་ནང་དུ་བཀོད་སྒྲིག་བྱ་རྒྱུ་ཡིན་ཞེས་བསྒྲགས། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སྐབས་སུ་ཧོང་ཀོང་གཞུང་གིས་ཀྱང་སྔར་ལས་ལྷག་པའི་དོགས་ཟོན་ཆེན་པོ་བྱ་རྒྱུ་དང་ཉེ་ཆར་སྤྱི་ཟླ་༨་པའི་ཟླ་མཇུག་ཏུ་ཧོང་ཀོང་སློབ་ཆེན་གྱིས་བརྟག་དཔྱད་ཞིབ་འཇུག་བྱས་པའི་མཇུག་འབྲས་ལྟར་ན་ཧོང་ཀོང་མི་དམངས་ཀྱི་ཁྲོད་དུ་མངའ་ཁུལ་དེར་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་སྔར་བཞིན་ཡིད་ཆེས་བྱེད་མཁན་བརྒྱ་ཆ་༣༤་ལས་མེད་ཅིང་། ད་ལྟ་སྲིད་ཇུས་དེར་ཡིད་ཆེས་མེད་མཁན་གྱི་མིའི་གྲངས་འབོར་ལྡབ་དྲུག་གིས་མང་དུ་ཕྱིན་ཡོད། ཉམས་ཞིབ་པ་ཀྲུང་ཐྰན་ཡོ་ཡིས་ཧོང་ཀོང་གི་ཐེངས་འདིའི་ངོ་རྒོལ་ལས་འགུལ་གྱིས་ཧོང་ཀོང་བ་མང་པོ་ཞིག་སེམས་གཏིང་ནས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དང་ཁྲིམས་ལུགས། སྤྱི་ཚོགས་ཀྱི་ལམ་ལུགས་བཅས་ལ་ཡིད་ཆེས་བརླགས་འདུག་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG