ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རོང་བོ་དགོན་པའི་གྲྭ་ཤག་ཏུ་མེ་སྐྱོན་བྱུང་ནས་མི་བཞི་རྐྱེན་འདས་སུ་ཕྱིན་འདུག


དེ་རིང་སྤྱི་ཟླ་དགུ་བའི་ཚེས་ཉེར་ལྔའི་ཉིན་གྱི་ཞོགས་པའི་ཆུ་ཚོད་དྲུག་དང་སྐར་མ་ཞེ་གསུམ་གྱི་སྟེང་རེབ་གོང་རོང་བོ་དགོན་ཆེན་གྱི་གྲྭ་ཤག་ཞིག་ཏུ་མེ་སྐྱོན་ཤོར་ནས་མི་བཞི་རྐྱེན་འདས་སུ་ཕྱིན་པའི་གནས་ཚུལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གྱི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་འདུག ཡང་དྲ་ཚིགས་དེའི་སྟེང་གནས་ཚུལ་སྤེལ་བའི་ནང་དུ་མེ་སྐྱོན་ཤོར་བའི་གྲྭ་ཤག་དེའི་ནང་དུ་ཁྱོན་བསྡོམས་མི་བཅུ་གསུམ་ཡོད་པའི་གྲས་ནས་མི་དགུ་ཉེན་ཁ་ལས་ཐར་ཡོད་ནའང་དེའི་འཕྲོས་ཀྱི་མི་བཞི་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། གྲྭ་ཤག་གི་ས་ཁྱོན་སྨི་གྲུ་བཞི་མ་བཞི་བརྒྱ་མེར་ཤོར་ཡོད་པ་རེད། དགོན་པའི་གྲ་ཤག་ཏུ་མེ་སྐྱོན་བྱུང་རྗེས་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་བཞི་ཡི་སྟེང་དུ་མེ་གསོད་མཁན་གྱི་ལས་ཁུངས་ལ་ཉེན་བརྡ་འབྱོར་ཡོད་པ་དང་ཆུ་ཚོད་བདུན་དང་སྐར་མ་ལྔ་བཅུ་ལྔ་བདུན་གྱི་སྟེང་དུ་མེ་གསོད་ཐུབ་ཡོད་པ་སོགས་ཀྱི་གནས་ཚུལ་ཀྱང་སྤེལ་འདུག གནས་ཚུལ་འདི་སྤེལ་ཡོད་སའི་རྒྱ་ནག་གཞུང་འབྲེལ་གྱི་དྲ་རྒྱའི་བརྒྱུད་ལམ་དུ་མེ་སྐྱོན་ཤོར་བཞིན་པའི་བརྙན་དང་པར་སོགས་ཅི་ཡང་འཁོད་མེད་མེད་ནའང་། ངོ་དེབ་ཀྱི་བརྒྱུད་ལམ་དུ་རེབ་གོང་རོང་བོ་དགོན་ཆེན་སྒྲོལ་མའི་ཐང་ཆེན་གྱི་ཉེ་འཁྲིས་ཀྱི་སྐོར་མཐའ་རུ་མ་ཎི་འཁོར་ཁང་མང་པོ་ཕྲེང་བསྟར་སུ་ཡོད་པའི་ཉེ་འཁྲིས་སུ་མེ་ཤུགས་ཆེན་པོས་འབར་བཞིན་པ་དང་། ཉེ་འཁྲིས་སུ་དགོན་པའི་གྲྭ་བ་དང་གྲོང་གི་མི་སྐྱ་མང་པོ་འཚོགས་ཡོད་པའི་བརྙན་ཐུང་ཞིིག་དང་། ཡང་གྲྭ་བ་དང་ཉེན་རྟོག་པ་མང་པོ་ཞིག་གིས་མེ་གསོད་བཞིན་པ་བཅས་ཀྱི་བརྙན་ཐུང་བཅས་དྲ་ལམ་དུ་ཁྱབ་འདུག གནས་ཚུལ་འདི་བྱུང་བའི་རྗེས་སུ་སོ་ཧུའུ་དང་ལྟ་ཞིབ་དྲ་ཚིགས་ཅེས་པ་སོགས་རྒྱ་ནག་ཏུ་ཡོད་པའི་དྲ་རྒྱའི་བརྒྱུད་ལམ་ཁག་གིས་གཅིག་གྱུར་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་དྲ་ཚིགས་སྟེང་འཁོད་ཡོད་པའི་གནས་ཚུལ་དག་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་ཡོད་པ་ལས། ཐེངས་འདིར་མེ་སྐྱོན་ཤོར་བའི་ཞིབ་ཕྲའི་གནས་ཚུལ་གཞན་ཅི་ཡང་འཁོད་མི་འདུག་ལ། གཞན་ད་སྔ་ས་གནས་རང་གི་གསར་འགྱུར་བརྒྱུད་ལམ་ཁག་དང་རྒྱ་ནག་ཏུ་ཡོད་པའི་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཏུ་གནས་ཚུལ་འདིའི་སྐོར་གྱི་གསར་འགྱུར་ཅི་ཡང་སྤེལ་མེད་པ་མ་ཟད། མི་སྒེར་བའི་སྐད་འཕྲིན་དང་པོད་ཕྲན་གྱི་བརྒྱུད་ལམ་ཁག་ཏུ་ཡང་རོང་བོ་དགོན་ཆེན་གྱི་གྲྭ་ཤག་ཏུ་མེ་སྐྱོན་བྱུང་བའི་གནས་ཚུལ་ཅི་ཡང་མཐོང་མི་ཐུབ་པ་དང་། འདི་ནི་རྒྱ་ནག་གཞུང་གིས་མི་རིང་བའི་སྤྱི་ཟླ་བཅུ་བའི་ཚེས་གཅིག་གི་ཉིན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་ཧྲིལ་བོ་བདུན་བཅུ་འཁོར་བའི་མཛད་སྒོི་རྒྱ་ཆེན་པོ་ཞིག་འཚོགས་ཀྱི་ཡོད་པས། དེ་དང་འབྲེལ་ནསརྒྱ་གཞུང་གིས་དྲ་རྒྱའི་བརྒྱུད་ལམ་ལམ་ཁག་ཏུ་སྤྱི་ཚོིགས་བདེ་འཇགས་དང་འབྲེལ་བའི་གནས་ཚུལ་སྤེལ་རྒྱུར་དམ་དྲག་ཆེན་པོི་བྱེད་བཞིན་པ་དང་འབྲེལ་བ་ཡོད་པའི་ངོས་འཛིན་བྱེད་མཁན་ཡང་ཡོད་པ་རེད། རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནི་ཆིག་སྟོང་སུམ་བརྒྱ་བཞི་བཅུ་ཞེ་གཉིས་ལོར་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་ཐོག་མར་ཕྱག་བབ་ཅིང་། ཆིག་སྟོང་དྲུག་བརྒྱ་སུམ་ཅུ་ལོར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་དགོན་པ་འདིར་རོང་བོ་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་ཅེས་པ་བཙུགས་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་ཀྱི་འཆད་ཉན་གྱི་སྲོལ་སྤེལ་ཅིང་། དགོན་ཆེན་འདིར་དེ་སྔོན་ནས་ཐོས་བསམ་གླིང་དང་རྒྱུད་པ་གྲྭ་ཚང་། དུས་འཁོར་གྲྭ་ཚང་བཅས་གྲྭ་ཚང་ཆེན་པོ་གསུམ་དང་། རོང་བོ་དགོན་པའི་པར་ཁང་སོགས་རྟེན་བརྟེན་པའི་འཛུགས་སྐྲུན་རྒྱ་ཆེ་ཞིང་དགེ་འདུན་པའི་ཞལ་གྲངས་ཆིག་སྟོང་དྲུག་བརྒྱ་ལྷག་ཡོད་ནའང་། ་རྒ་ནག་གཞུང་གིས་ལྔ་བཅུ་ང་བརྒྱད་ལོའི་དུས་ཟིང་དང་རིག་གསར་གྱི་ལས་འགུལ་སོགས་སྤེལ་ནས་དགོན་པའི་རྟེན་བརྟེན་པ་དང་པར་ཁང་སོགས་ལ་གཏོར་བཤིག་ཚབས་ཆེན་བཏང་བ་མ་ཟད། གྲྭ་བ་མང་པོ་འཛིན་བཟུང་དང་གྲོང་ལ་ཕབ་པ་སོགས་ཀྱི་མནར་གཅོད་ཚད་མེད་བཏང་ཡོད་ཅིང་། ཆིག་སྟོང་དགུ་བརྒྱ་བརྒྱད་བཅུའི་རྗེས་ནས་རོང་བོ་དགོན་པའི་བླ་སྤྲུལ་དང་གྲྭ་མང་གིས་བསྐྱར་དུ་དགོན་པའི་རྟེན་བརྟེན་པ་དང་ཆོས་འཆད་ཉན་གྱི་རྒྱུན་སྔར་སྲོལ་བཞིན་སླར་གསོ་བྱས་ཤིང་། ད་ལྟ་དགོན་པ་འདིར་དགེ་འདུན་པའི་ཞལ་གྲངས་ཆིག་སྟོང་མ་ཟིན་ཙམ་ཡོད་ན་ཡང་། ཉེ་བའི་ལོ་ཁ་ཤས་ཀྱི་སྔོན་ནས་བཟུང་དགོན་པའི་ནང་དུ་གྲྭ་བ་སྒེར་ནས་གྲྭ་ཤག་གསར་དུ་བརྒྱབ་མི་ཆོག་པ་བཟོས་པ་མ་ཟད། དགོན་པའི་གྲྭ་བ་ལོ་བཅོ་བརྒྱད་ཡན་གྱི་མི་རེ་ལ་གཞུང་གི་ལས་བྱེད་གཅིག་རེ་དང་ལོ་བཅོ་བརྒྱད་མན་གྱི་གྲྭ་གསུམ་རེ་ལ་གཞུང་གི་ལས་བྱེད་གཅིག་རེ་ཡིས་ཆེད་དུ་ལྟ་རྟོག་སྟངས་འཛིན་བྱེད་དུ་བཅུག་ཡོད་པ་རེད།

XS
SM
MD
LG