ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་ཞུ་སྐུལ་ལས་འགུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་གྱི་རྒྱལ་ཚོགས་ཞུ་སྐུལ་ཚོགས་པས་སྤྱི་ཚེས་༣་ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན་ཚོགས་པ་འདིའི་ཚོགས་མི་རྣམས་ཟླ་བ་འདིའི་སྤྱི་ཚེས་༦་ཉིན་ཨ་རིའི་གྲོང་ཁྱེར་ནེག་ཡོག་ཏུ་བསྐྱོད་ནས་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱར་ཞུགས་ཐུབ་རྒྱུའི་རེ་སྐུལ་ཞུ་རྒྱུའི་ཁྱབ་བསྒྲགས་བྱ་རྒྱུ་དང་ཧོང་ཀོང་གི་ངོ་རྒོལ་ལས་ལ་རྒྱབ་སྐྱོར། ཨ་རིར་ཡོད་པའི་ཧོང་ཀོང་བ་དང་བོད་པ། ཡུ་གུར་བ་བཅས་ཀྱི་མི་སྣ་ཁག་གདན་འདྲེན་ཞུས་མཉམ་དུ་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུའི་ཀྱི་ལས་རིམ་ཁག་ཅིག་བཀོད་སྒྲིག་བྱས་འདུག

ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱར་ཞུགས་བྱེད་པའི་ཞུ་སྐུལ་ཚོགས་པ་འདིས་ཚོགས་མི་ཚོས་ལོ་༦༠་རིང་ལ་བསྟུད་མར་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཨ་མ་ཡོད་སའི་ཨ་རིའི་ནེའུ་ཡོག་དུ་ཕྱིན་ནས་ཐེ་ཝན་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་ཞུགས་རྒྱུའི་རེ་སྐུལ་ཞུས་ཡོད་པར་མ་ཟད། ལོ་འདིར་ཚོགས་པ་འདིས་སྤྱི་ཟླ་༩་པའི་ཚེས་༦་ནས་མགོ་བརྩམས་ཏེ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ལོ་ལྟར་འཆར་ཅན་གྱི་རེ་སྐུལ་ཞུ་བའི་སྙན་ཞུ་འབུལ་རྒྱུ། དེ་ནས་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ལ་ཐུག་འཕྲད་ཀྱིས་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་སོགས་ལ་རེ་སྐུལ་དང་ཨ་རིའི་རིག་མཛོད་ཀྱི་བགྲོ་གླེང་ཁག་ཅིག་ལ་མཉམ་ཞུགས་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། སྤྱི་ཟླ་༩་པའི་ཚེས་༡༢་ཉིན་ཨ་རི་ནས་ཁེ་ན་ཌའི་ཊོ་རན་ཊོ་གྲོང་ཁྱེར་དུ་ལས་རིམ་གཞན་པ་ཁག་གི་མགོ་རྩོམ་གྱི་ཡོད་པ་བཅས་ཐེངས་འདིར་དུས་ཡུན་ཉིན་བཅུའི་རིང་བྱང་ཨ་རིའི་རྒྱལ་ཁབ་གཉིས་ལ་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་གྱི་སྤྱི་ཡོད་པ་རེད།

ད་ལོ་ཚོགས་པ་འདིས་སྤེལ་བཞིན་པའི་ལས་འགུལ་གྱི་དམིགས་བསལ་ཁྱད་ཆོས་ཤིག་ནི་སྤྱི་ཟླ་༨་པའི་ནང་དུ་ཚོགས་པའི་ཚོགས་འདིའི་ལས་འཛིན་མི་སྣ་ ལི་མཱིན་ཅོས་ཞེས་པ་ཞིག་ཧོང་ཀོང་དུ་བསྐྱོད་རྗེས་གར་སོང་ཆ་མེད་དུ་གྱུར། ད་ལྟའི་བར་མི་དེར་འབྲེལ་བ་བྱེད་ཐུབ་ཀྱི་མེད་པ། ཁོ་པ་སྤྱི་ཟླ་༨་པའི་ཚེས་༡༨་ཉིན་ཧོང་ཀོང་དུ་ཡུལ་སྐོར་སྤྲོ་འཆམ་དུ་ཕྱིན་པ་དང་ཕྱི་ཚེས་༢༠་ཉིན་ལི་མཱིན་ཅོས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་འཕོན་ཆེན་ཞིག་ཧོང་ཀོང་གི་མཐའ་མཚམས་སུ་འདུས་ཡོད་པའི་འདྲ་པར་ཞིག་དྲྭ་ལམ་དུ་སྤེལ་བའི་རྗེས་སུ་གར་སོང་ཆ་མེད་དུ་གྱུར། ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱར་ཞུགས་ཞུ་སྐུལ་ཚོགས་པས་རྒྱ་ནག་གཞུང་གིས་ལི་མཱིན་ཅོས་གང་དུ་ཡོད་མེད་འཕྲལ་དུ་གསལ་བཤད་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱར་ཞུགས་ཞུ་སྐུལ་ཚོགས་པའི་ལས་འཛིན་ཚོགས་གཙོ་ཚེ་མིན་ཞན་གྱིས་ང་ཚོས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ཁག་ཨ་རིའི་སྲིད་གཞུང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ལ་རེ་སྐུལ་ཞུས་ཏེ་ང་ཚོར་རོགས་རམ་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད། ཐེངས་འདིར་རེ་སྐུལ་ཚོགས་པས་དབྱིན་ཡིག་ཏུ་བྲིས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་འཆར་འདུག ལྷག་པར་དུ་ཧོང་ཀོང་བ་དང་བོད་པ། ཡུ་གུར་བ་བཅས་ལ་དམིགས་བསལ་གྱིས་འབོད་སྐུལ་ཞུས་ནས་ཚང་མ་མཉམ་འབྲེལ་ཐོག་ཏུ་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ། ཁོ་ཚོ་ཐུན་མོང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་དང་འགྲོ་བ་མིའི་ཐོབ་ཐང་། རང་དབང་དང་དམངས་གཙོ་རྩོད་ལེན་བྱ་དགོས་ཞེས་བཤད། ཞུ་སྐུལ་ཚོགས་པ་འདིའི་ཚོགས་མི་ཚོས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་མིན་པར་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་གནས་ཚུལ་འདི་འཛམ་གླིང་མི་དམངས་ལ་ངོས་ལེན་བྱེད་དུ་འཇུག་རྒྱུའི་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་སྐུལ་ཞུ་ཡི་ཡོད་བཅས་འགྲེལ་བཤད་བརྒྱབ། ཟླ་བ་འདིའི་སྤྱི་ཚེས་༡༧་ནས་བཟུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༤་པ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་འཚོགས་བཞིན་ཡོད་པས་ཚོགས་འདུ་འདི་མ་ཚོགས་པའི་སྔོན་ལ་ཚོགས་པ་འདིས་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་སུ་བསྐྱར་ཞུགས་ཆོག་པའི་རེ་སྐུལ་ཞུ་རྒྱུ་སོགས་ལས་རིམ་ཁག་ཅིག་བཀོད་སྒྲིག་བྱས་འདུག

XS
SM
MD
LG