ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རི་དང་རྒྱ་ནག་གི་ཚོང་དམག་དང་དེའི་ཉེན་ཀ


༄༅།། ཕྱི་ཟླ་༩་ཚེས་༡་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་རྒྱག་གི་ཡོད་པ་རྣམས་བརྒྱ་ཆ་༡༥་ལ་སྤར། འདི་ནི་དུས་རབས་སྔོན་མའི་ལོ་རབས་༦༠་བ་ནས་བཟུང་སྟེ་ཨ་མི་རི་ཀས་ཕྱི་རྒྱལ་གྱི་དངོས་ཟོག་ལ་སྒོ་ཁྲལ་འཕར་བ་ཚད་མཐོ་ཤོས་སུ་སླེབས། ཐེངས་འདིར་སྒོ་ཁྲལ་སྤར་པའི་དངོས་ཟོག་གི་ཁོངས་སུ་ཟས་རིགས་དང་གྱོན་གོས། རྩྭ་འབྲེག་འཕྲུལ་ཆས་སོགས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཨ་མི་རི་ཀ་བ་ཚོས་རྒྱུན་སྤྱོད་དངོས་ཟོག་ཁག་འདུས། ཉེ་ཆར་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་༧༥་འཕར་སྣོན་བྱས་པས་ཨ་མི་རི་ཀས་ཀྱང་དེ་ལ་ལན་པ་སློག་ནས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ལག་ལེན་བསྟར། ད་ལྟ་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཁག་ལ་ཆ་མཉམ་སྒོ་ཁྲལ་བརྒྱ་ཆ་༢༡་དང་གྲངས་ཆུང་༢་རྒྱག་གི་ཡོད་ཅིང་། ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༣་དང་གྲངས་ཆུང་༡་སྤར། ཉམས་ཞིབ་པ་ཚོས་ཡུན་རིང་མི་འགོར་པར་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱིས་ཆ་མཉམ་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༣༠་རྒྱག་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གིས་རང་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་བཀག་རྒྱ་ཇེ་མང་དང་དཀའ་ངལ་ཆེ་རུ་བཏང་རུང་རྒྱལ་ཁབ་གཞན་གྱི་བཟོ་ཚོང་ལས་ཁང་ཁག་ལ་འགོག་རྐྱེན་ཇེ་ཆུང་དང་དཀའ་ངལ་ཇེ་ཉུང་བཏང་འདུག སྔོན་ཆད་རྒྱ་ནག་ནི་ཨ་མི་རི་ཀའི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་ཡིན། ད་ལྟ་ཨ་མི་རི་ཀའི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་མེཀ་སི་ཀོ་ནི་དང་ཨང་གཉིས་པ་ཁེ་ན་ཌ། རྒྱ་ནག་ཨ་མི་རི་ཀའི་ཚོང་གྲོགས་རྒྱལ་ཁབ་ཨང་གསུམ་པར་ལྷུང་། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཕལ་ཆེ་བས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་འདི་ཡུན་ཐུང་གི་དཀའ་ངལ་ཞིག་དང་ཅང་མི་འགོར་པར་ཐག་ཆོད་རྒྱུའི་རྩིས་བརྒྱབ། ཉེ་དུས་ཤིག་ནས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཤུགས་ཆེ་རུ་བཏང་བ་དང་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ཁག་ལའང་གྲུབ་འབྲས་ཐོན་གྱི་མེད་པས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ཝྭི་ཏེ་ནམ་དང་ཐེ་ཝན། ལྷོ་ཀོ་རི་ཡ་དང་རྒྱ་གར་སོགས་ལ་གནས་སྤོར་བྱ་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་འགོ་འཛུགས་དུས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་རྩིས་མེད་བཏང་ནས་ཅ་ལག་རྫུན་བཟོ་བྱེད་ཀྱི་ཡོད་པ་འགོག་ཐབས། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་པའམ། ཡང་ན་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་བསླབ་དགོས་པའི་གནས་སྟངས་ལ་འགྱུར་བ་གཏོང་རྒྱུ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་བྱ་རྒྱུ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་འདྲ་མཉམ་གྱི་གནས་བབ་ཐོག་ཏུ་ཚོང་ལས་གཉེར་ནས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་འགྲན་སྡུར་བྱེད་ཐུབ་པའི་དམིགས་ཡུལ་འཆང་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཚོང་དམག་གི་སྲིད་ཇུས་བརྟེན་ནས་རྒྱ་ནག་དང་ཨ་མི་རི་ཀས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཚོང་ལས་གྲོས་མཐུན་གསར་པ་ཞིག་འཇོག་ཐུབ་པ་དང་རྒྱ་ནག་གིས་ཨ་སྒོར་དུང་ཕྱུར་མང་པོའི་རིན་འབབ་ཀྱི་ཨ་རིའི་དངོས་ཟོག་ནང་འདྲེན་བྱ་རྒྱུ། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་མི་ཐུབ་པ་དང་རྒྱ་ནག་ལ་བསླབ་མི་དགོས་པའི་རྩིས་བརྒྱབ་ཀྱང་རྒྱ་ནག་གིས་ཨ་མི་རི་ཀས་བཏོན་པའི་ཆ་རྐྱེན་ཁག་བསྒྲུབས་མེད། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་འདས་པའི་ལོ་མང་རིང་རྒྱ་ནག་དང་ཨ་མི་རི་ཀས་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་བཟུང་བ། རྒྱ་ནག་དང་ཨ་མི་རི་ཀ་དཔལ་འབྱོར་དང་ཚོང་ལས་ཐོག་ཏུ་ཕན་ཚུན་གཅིག་བརྟེན་གཅིག་གྲོགས་ཀྱི་འབྲེལ་བ་བཟུང་ཡོད་པ་གཅོད་ཐབས་བྱ་དགོས་པའི་སྲིད་ཇུས་ཤིག་བཟུང་འདུག བདུན་ཕྲག་སྔོན་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཞིས་ཅིན་ཕིང་ཨ་མི་རི་ཀའི་དགྲ་བོ་ཡིན། ངས་སྲིད་འཛིན་གྱི་ཛ་དྲག་དབང་ཚད་ལག་ལེན་བསྟར་ནས་རྒྱ་ནག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་རྒྱལ་ཁབ་གཞན་ལ་གནས་སྤོར་བྱེད་དུ་འཇུག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་བློ་འགྱོད་འབའ་ཞིག་ཡོད་པ་ནི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་དམའ་དྲགས་པ་དེ་རེད་ཅེས་བཤད། ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀྱིས་ཚོང་དམག་ཆུང་ཆུང་ཞིག་འགོ་ཚུགས་ཀྱང་མཐའ་མཇུག་མཚམས་འཇོག་མི་ཐུབ་པ་དང་ཕྱོགས་གཉིས་ཀར་ཕྱི་སྣུར་རྒྱག་ས་མེད་པའི་མཚམས་སུ་སྐྱེལ་སོང་ཞེས་བཤད།

ཉམས་ཞིབ་པ་ཁག་ཅིག་གིས་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་འགྲོ་རྒྱུའི་རྟགས་མཚན་མངོན་པ་དང་ལོ་རྗེས་མའི་སྲིད་འཛིན་འོས་འདེམས་སྐབས་སུ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་འབྱུང་མི་ཐུབ་པའི་ཉེན་ཀ་བྱུང་ཚེ། ཌོ་ནལ་ཊམ་གྱིས་ཕམ་གྱོང་ཁུར་ནས་ཨ་རི་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་རྒྱུ། ཁོ་པས་རྒྱ་ནག་ལ་ཆ་རྐྱེན་བཏོན་པ་རྣམས་ཕྱིར་འཐེན་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་ད་སྔ་ཨ་མི་རི་ཀའི་དཔལ་འབྱོར་ཉམས་རྒུད་འགྲོ་བ་དང་ལོ་རྗེས་མའི་འོས་འདེམས་སྐབས་སུ་ཌོ་ནལ་ཊམ་ཕམ་ཉེས་འབྱུང་རྒྱུའི་རྟགས་མཚན་མེད་པས་ཨ་མི་རི་ཀའི་ཚོང་དམག་སྲིད་ཇུས་མཁྲེགས་འཛིན་བྱེད་ཀྱི་ཡོད་ཅིང་། ཁ་སྔོན་ཕྱི་ཟླ་༧་པར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོས་ཕྱི་ཟླ་༩་པ་འདིར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གྲོས་མོལ་འཕྲོ་སྐྱོང་བྱ་དགོས་པའི་གྲོས་མཐུན་བྱུང་། ཡིན་ནའང་ཁ་སང་ཕྱི་ཚེས་༡་ནས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་ལག་ལེན་བསྟར་ཡོད་པས་ཟླ་བ་འདིར་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ཝ་ཤིང་ཊོན་དུ་འཕྲོ་སྐྱོང་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱ་དགོས་ན་ཨ་མི་རི་ཀས་ངེས་པར་དུ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་བཤད་འདུག་པར་མ་ཟད། ཕྱི་ཟླ་༡༢་ཚེས་༡༥་ནས་རྒྱ་ནག་གིས་བྷར་ཛིལ་དང་ཨར་ཆིན་ཊི་ན་ནས་ནང་འདྲེན་བྱས་པའི་སྲན་དཀར་ལ་སྒོ་ཁྲལ་བརྒྱ་ཆ་གསུམ། ཉི་ཧོང་དང་འཇར་མན་ཎི་ནས་ནང་འདྲེན་བྱས་པའི་རླངས་འཁོར་ལྷུ་ལག་ལ་སྒོ་ཁྲལ་བརྒྱ་ཆ་༡༢་དང་གྲངས་ཆུང་༦་ལས་རྒྱག་གི་མེད་ཀྱང་ཨ་མི་རི་ཀ་ནས་ནང་འདྲེན་བྱས་པའི་སྲན་དཀར་ལ་སྒོ་ཁྲལ་བརྒྱ་༣༣་དང་། ཨ་མི་རི་ཀའི་རླངས་འཁོར་གྱི་ལྷུ་ལག་ཁག་ལ་སྒོ་ཁྲལ་བརྒྱ་ཆ་༤༢་དང་གྲངས་ཆུང་༦་རྒྱག་རྒྱུའི་ཐག་གཅོད་བྱས་འདུག

ཕྱི་ཟླ་༩་ཚེས་༢་ཉིན་རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་སྟེང་དུ་པེ་ཅིང་ལ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་དགོས་པའི་བྲེལ་བ་མེད། རྒྱ་ནག་གིས་ཚོང་དོན་གྲོས་མོལ་ཐོག་ཏུ་ཨ་མི་རི་ཀར་གུ་བཤངས་བྱས་ན་ནོར་འཁྲུལ་ཚབས་ཆེན་འབྱུང་སྲིད། རྒྱ་ནག་གིས་ནམ་ཡང་ཨ་མི་རི་ཀའི་གནོན་ཤུགས་ལ་མགོ་སྒུར་མི་ཉན་ཞེས་རྩོམ་ཡིག་སྤེལ། དཔེར་ན་རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཅིན་ཚཱན་རུང་དང་རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ཉམས་ཞིབ་པ་སུན་ཞཱི་ཧུའི་གཉིས་ཀྱིས་རྒྱ་ནག་གིས་ཨ་མི་རི་ཀའི་ཐུབ་ཚོད་ལ་མགོ་བོ་སྒུར་ན་ལོ་རྒྱུས་ཀྱི་ནག་ཉེས་ཤིག་གསོག་རྒྱུ་དང་རྒྱ་ནག་གིས་དཔའ་ཞུམ་པའི་རྣམ་འགྱུར་སྟོན་མི་རུང་། རྒྱ་ནག་གིས་ཐུབ་ཚོད་དང་གནོན་ཤུགས་ལ་གུ་བཤངས་བྱས་ཀྱང་དེ་ལ་སྙིང་རྗེ་སྒོམ་མཁན་སུ་གཅིག་མི་འབྱུང་། ང་ཚོའི་ཁེ་ཕན་ནི་ང་ཚོ་རང་གིས་སྲུང་སྐྱོབ་བྱ་དགོས། ང་ཚོས་ཡུལ་དུས་ཀྱི་གནས་སྟངས་ལ་གཞིགས་ནས་ཚོང་དམག་མཇུག་བསྒྲིལ་དགོས་མིན་ཐག་གཅོད་བྱ་དགོས། ཨ་མི་རི་ཀས་གཞན་ལ་གནོན་ཤུགས་སྤྲོད་པ་དང་ཐུབ་ཚོད་བྱེད་ཆོག་པའི་ལྟ་སྟངས་ཤིག་བཟུང་ཡོད་པར་འགྱུར་བ་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག ༢༠༡༩་ལོའི་ཕྱི་ཟླ་༥་པ་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འགོག་རྐྱེན་འཕྲད། དེ་ནས་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱས་ཀྱང་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་གྱི་འགལ་རྐྱེན་རྣམས་སེལ་ཐུབ་མེད་པ་རེད།།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༤ ཚེས་༢༤
please wait

No live streaming currently available

0:00 0:00 Live
XS
SM
MD
LG