ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་ལ་ཛ་དྲག་གི་ཁྲིམས་གཞི་བསྡམ་རྒྱུའི་བསམ་ཞིབ།


༄༅།། ཧོང་ཀོང་ས་གནས་གཞུང་གིས་མང་ཚོགས་ཀྱི་ངོ་རྒོལ་ལས་འགུལ་ཁག་འགོག་ཐུབ་ཀྱི་མེད་པར་སྐྱོན་བརྗོད་དྲག་པོ་ཕོག་གི་ཡོད་པ་དང་རྒྱ་ནག་དབུས་གཞུང་གིས་ཀྱང་ཧོང་ཀོང་གི་འགོ་ཁྲིད་ཚོར་ས་གནས་དེའི་ཟིང་འཁྲུག་ཞོད་འཇགས་སུ་གཏོང་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པས་སྲིད་སྐྱོང་ཁེ་རི་ལམ་གྱིས་ཧོང་ཀོང་ལ་ཛ་དྲག་གི་ཁྲིམས་གཞི་བསྡམ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་ཀྱང་ཧོང་ཀོང་ས་གནས་གཞུང་གི་བློན་ཆེན་གཉིས་ཀྱིས་ཛ་དྲག་གི་ཁྲིམས་གཞི་བསྡམས་ན་མངའ་ཁུལ་དེར་ཁྲིམས་སྐྱོང་ལམ་ལུགས་ཤིག་དར་ཡོད་པར་ནག་ཐིག་ཆེན་པོ་ཞིག་འཕོག་སྲིད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ཉེ་དུས་ཤིག་ནས་ཧོང་ཀོང་ས་གནས་གཞུང་གི་ཕྱོགས་གཏོགས་པ་དང་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་སིང་ཏའོ་ཉིན་རེའི་ཚགས་པར་སོགས་ཀྱིས་མི་མང་གི་ངོ་རྒོལ་ལ་སྐྱོན་བརྗོད་དང་སྲིད་སྐྱོང་ཁེ་རི་ལམ་གྱིས་ཛ་དྲག་གི་ཁྲིམས་གཞི་བསྡམ་དགོས། ཧོང་ཀོང་གི་སྲིད་སྐྱོང་ལ་མངའ་ཁུལ་དེར་ཛ་དྲག་གི་ཁྲིམས་གཞི་སྡོམ་ཆོག་པའི་དབང་ཚད་ཡོད་ཅེས་རྩོམ་ཡིག་སྤེལ། གསར་འགོད་པ་ཚོས་ཧོང་ཀོང་ས་གནས་གཞུང་གིས་ཛ་དྲག་གི་ཁྲིམས་གཞི་བསྡམ་རྒྱུ་ཡིན་མིན་སྐད་ཆ་དྲིས་པར་སྲིད་སྐྱོང་ཁེ་རི་ལམ་གྱིས་ཧོང་ཀོང་ས་གནས་གཞུང་གིས་དྲག་ཟིང་དང་ཟིང་ཆ་ཁག་བཀག་འགོག་བྱེད་པའི་ཁྲིམས་གཞི་སྡོམ་དགོས་མིན་ལ་བསམ་གཞིག་བྱ་རྒྱུ་ཡིན། ཧོང་ཀོང་ས་གནས་གཞུང་ལ་ཁྲིམས་གཞི་དེ་རྣམས་ལག་ལེན་བསྟར་ཆོག་མིན་བལྟ་དགོས་པའི་ལས་འགན་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

མིང་འདོན་མ་བྱས་པའི་ཧོང་ཀོང་ས་གནས་གཞུང་གི་མཐོ་རིམ་ལས་སྣེ་ཞིག་གིས་ང་ཚོས་ཛ་དྲག་གི་ཁྲིམས་གཞི་བསྡམ་རྒྱུ་མིན་པའི་ཐག་གཅོད་བྱས་མེད། ཧོང་ཀོང་ལ་ཛ་དྲག་གི་ཁྲིམས་གཞི་ལག་ལེན་བསྟར་དགོས་ཞེས་དངོས་སུ་གྲོས་བསྡུར་ཡང་བྱས་མེད། མ་འོངས་པར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདི་ཁ་ཕྱོགས་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ངེས་གཏན་མེད་པས་ང་ཚོས་ཁྲིམས་གཞི་ཡོད་ཚད་ལ་བསམ་གཞིག་བྱ་དགོས་ཐུག་གི་རེད། ཡིན་ནའང་ད་ལྟའི་དུས་སྐབས་འདིར་ཧོང་ཀོང་གི་ངོ་རྒོལ་ཁག་ཛ་དྲག་གི་ཁྲིམས་གཞི་བསྡམ་དགོས་པའི་ཚད་དེར་སླེབས་མི་འདུག་ཅེས་བཤད། ཧོང་ཀོང་གི་ཚོང་དོན་དང་དཔལ་འབྱོར་བློན་ཆེན་གཉིས་ཀྱིས་ཀྱང་ཧོང་ཀོང་ས་གནས་གཞུང་གིས་ཛ་དྲག་ཁྲིམས་གཞི་བསྡམ་མི་སྲིད་པ་ཞིག་མིན། ཧོང་ཀོང་ཞི་བདེ་བརྟན་ལྷིང་དང་སྤྱི་ཚོགས་ལ་སྒྲིག་སྲོལ་ལྡན་པ་ཞིག་ཏུ་འགྱུར་དགོས་པ་ནི་ང་ཚོའི་དམིགས་ཡུལ་ཡིན། ང་ཚོས་ཉིན་ལྟར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་དང་ཧོང་ཀོང་གི་ཁྲིམས། ས་གནས་དེའི་སྒྲིག་སྲོལ་ཁག་ལ་བསམ་བློ་གཏོང་གི་ཡོད། ཛ་དྲག་གི་ཁྲིམས་གཞི་བསྡམས་ཀྱང་ཧོང་ཀོང་གི་དཔལ་འབྱོར་དང་ཚོང་ལས་ལ་དོ་ཕོག་འགྲོ་རྒྱུའི་ཉེན་ཀ་མེད། ཞི་བདེ་བརྟན་ལྷིང་གི་ཁོར་ཡུག་ཅིག་མེད་པར་ཚོང་ལས་ཇི་ལྟར་གཉེར་དགོས་སམ་ཞེས་ཉེན་བརྡ་བཏང་འདུག

༡༩༦༧་ལོར་ཧོང་ཀོང་ལ་ཟིང་འཁྲུག་ལངས་ནས་ཛ་དྲག་གི་ཁྲིམས་གཞི་བསྡམས། གལ་སྲིད་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་མི་མང་གི་བདེ་འཇགས་ལ་ཉེན་ཀ་འདུག་བསམས་ན་ཛ་དྲག་གི་ཁྲིམས་གཞི་བསྡམ་ཆོག་པར་མ་ཟད། ཧོང་ཀོང་གི་གནས་སྟངས་ལ་གཞིགས་ནས་མི་འཛིན་བཟུང་དང་བཀག་ཉར། ཕྱིར་ཕུད། མཚོ་ཁ་དང་སྐྱེལ་འདྲེན་བཀག་སྡོམ། རྒྱུ་དངོས་གཞུང་བཞེས་དང་སྔོག་བཤེར། གསར་འགྱུར་སོགས་ལ་ཞིབ་བཤེར་བྱེད་ཆོག་པའི་དབང་ཚད་ཡོད་ཅིང་། ཛ་དྲག་གི་ཁྲིམས་གཞིའི་འོག་ཏུ་ཧོང་ཀོང་གི་སྲིད་སྐྱོང་ལ་ཉེས་ཅན་པ་ཚོར་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཆོག་པའི་དབང་ཚད་ཡོད་མོད། འོན་ཀྱང་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་ཛ་དྲག་གི་ཁྲིམས་གཞི་བསྡམ་དགོས་ན་ས་གནས་དེའི་གྲོས་ཚོགས་ཀྱིས་ངེས་པར་དུ་ཆོག་མཆན་འགོད་དགོས། ཧོང་ཀོང་གི་ཉེན་རྟོག་པ་ཚོས་མངའ་ཁུལ་དེར་ཛ་དྲག་གི་ཁྲིམས་གཞི་བསྡམ་དགོས་མིན་ཐད་དུ་གླེང་སློང་བྱ་རྒྱུ་འོས་འཚམས་ཤིག་མིན། ཡིན་ནའང་ཧོང་ཀོང་གི་ཉེན་རྟོག་པར་དྲག་ཟིང་གི་རིགས་མཐའ་དག་ལ་འགོག་རྒོལ་བྱེད་ཐུབ་པའི་ནུས་པ་ཡོད་ཅེས་བཤད། ད་བར་ཧོང་ཀོང་གི་ཉེན་རྟོག་པ་ཚོས་ཆུ་མདའ་བརྒྱབ་པ་དང་མཆི་སྦྱིན་དུག་རླངས་འཕངས་པ། དབྱུག་པ་སོགས་ཀྱིས་རྡུང་རྡེག་བཏང་ནས་མི་མང་གི་ངོ་རྒོལ་ལས་འགུལ་ཁག་འགོག་ཐབས་བྱས་ཀྱང་མི་ཚོགས་ཁྲོད་དུ་མེ་མདའ་བརྒྱབ་ནས་མི་གསོད་ཁྲག་སྦྱོར་གྱི་དྲག་ཐབས་བསྟེན་མེད་པ་རེད།

ཧོང་ཀོང་གི་ཁྲིམས་རྩོད་པ་ཚོས་ཛ་དྲག་གི་ཁྲིམས་གཞི་བསྡམ་རྒྱུ་དེར་ངོ་རྒོལ་ཡོད། ཧོང་ཀོང་ས་གནས་གཞུང་གིས་གནམ་ཐང་དང་མེ་འཁོར་འབབ་ཚུགས་སོགས་ས་གནས་ངེས་ཅན་ཁག་ཅིག་ལ་ངོ་རྒོལ་བ་འདུ་འཚོམས་བྱས་ནས་ལས་འགུལ་སྤེལ་མི་ཆོག་ཅེས་བཀག་སྡོམ་ཁྲིམས་གཞི་ཁག་ཅིག་ལག་ལེན་བསྟར་ཆོག་པའི་གདམ་ཀ་ཡོད། ཧོང་ཀོང་ས་གནས་གཞུང་གིས་ཛ་དྲག་དང་དམིགས་བསལ་གྱི་ཁྲིམས་གཞི་གང་འདྲ་ཞིག་ལག་ལེན་བསྟར་ཀྱང་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཡིན་དགོས་པའམ ཡང་ན་མི་མང་གི་ཐོབ་ཐང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་སྤྱི་ཚོགས་བདེ་འཇགས་ལ་ཐུག་ཡོད་པའི་སྒྲུབ་བྱེད་གསལ་པོར་འགོད་དགོས་ཞེས་བཤད། ཧོང་ཀོང་སློབ་གྲྭ་ཆེན་མོའི་སློབ་དཔོན་སེ་མོན་དབྱང་གིས་ཛ་དྲག་གི་ཁྲིམས་གཞི་བསྡམས་ན་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཐེབས་ངེས་ཡིན། དཔེར་ན་༡༩༩༢་ལོར་ཧོང་ཀོང་དང་ཀོང་ཀྲུག་གཉིས་སུ་སྤྱི་ཡོངས་ཀྱི་ལས་བཤོལ་ངོ་རྒོལ་བྱས་ནས་དམག་ཁྲིམས་ལྟ་བུ་ཞིག་བསྡམས་པ་རེད། ད་ལྟའང་ཧོང་ཀོང་གི་སྲིད་སྐྱོང་ལ་ཁྲིམས་སྐྱོང་བའི་ལམ་ལུགས་བརྩི་མེད་བཏང་ནས་ཛ་དྲག་གི་ཁྲིམས་གཞི་བསྡམ་ཆོག་པའི་དབང་ཚད་ཡོད་པ་ལག་ལེན་བསྟར་སྲིད། ཛ་དྲག་གི་ཁྲིམས་གཞི་གཏན་ནས་ལག་ལེན་བསྟར་མི་རུང་ཞེས་བཤད་འདུག

འདི་ཙམ་ན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཧོང་ཀོང་གི་ཚོང་དོན་སྐུ་ཚབ་ཚོགས་པ་ཞིག་ལ་ཐུག་འཕྲད་བྱས་ཏེ་ཁྱེད་ཚོས་ཧོང་ཀོང་ས་གནས་གཞུང་ལ་རྒྱབ་སྐྱོར་བྱ་དགོས། ༡༩༩༧་ལོར་རྒྱ་ནག་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་ནས་བཟུང་སྟེ་མངའ་ཁུལ་དེར་བྱུང་མྱོང་མེད་པའི་དྲག་ཟིང་ཞིག་ལངས་ཡོད། འོན་ཀྱང་རྒྱ་ནག་དབུས་གཞུང་གི་རྒྱབ་སྐྱོར་དང་ཧོང་ཀོང་མི་མང་གི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་བརྟེན་ནས་ང་ཚོ་དཀའ་ངལ་དེ་དག་ལས་གྲོལ་ཐུབ་པའི་ཡིད་ཆེས་ཡོད། ཧོང་ཀོང་གི་ཚོང་པ་ཚོས་མངའ་ཁུལ་དེའི་ན་གཞོན་ཚོར་དཔལ་འབྱོར་དང་ཚོང་ལས་ཀྱི་ལེགས་སྐྱེས་འབུལ་ཐུབ་པའི་རོགས་ཕན་བསྒྲུབ་དགོས་ཞེས་བསྐུལ། རྒྱ་ནག་ཉིན་རེའི་ཚགས་པར་ཐོག་ཏུ་ཧོང་ཀོང་ས་གནས་གཞུང་དང་མི་མང་ངོ་རྒོལ་བ་གཉིས་ལྟ་ཚུལ་མི་མཐུན་པའི་ཁྱད་པར་ནི་འདུམ་ཐབས་མེད་པའི་ཚད་དེར་སླེབས་འདུག་ཅེས་ཆེད་བརྗོད་སྤེལ། བདུན་ཕྲག་གསུམ་གྱི་སྔོན་དེར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ས་མཚམས་ཧྲེང་ཀྲེན་གྲོང་ཁྱེར་དུ་དམག་སྦྱོང་བྱས་ནས་ངོ་རྒོལ་དང་དྲག་ཟིང་ལ་ཞོད་འཇགས་གཏོང་རྒྱུ། གྲོང་ཁྱེར་ནང་གི་མི་ཚོགས་ཀྱི་ངོ་རྒོལ་ལ་དྲག་གནོན་ཇི་ལྟར་བྱ་དགོས་མིན་གྱི་དམག་སྦྱོང་བྱས་ནས་སྡིགས་ར་བསྐུལ་བས་མི་མང་པོ་ཞིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་སླར་ཡང་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པ་དེ་འདྲ་ཞིག་བསྐྱར་ཟློས་བྱ་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG