ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་ངོ་རྒོལ་ལ་དྲག་གནོན་གྱི་ཉེན་ཀ


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་གཟའ་ཉི་མར་ཧོང་ཀོང་གི་ངོ་རྒོལ་བ་ཚོར་ཉེན་རྟོག་པས་ཆུ་མདའ་བརྒྱབ་པ་དང་མཆི་སྦྱིན་དུག་རླངས་འཕངས་ནས་ཁ་གཏོར་གཏོང་ཐབས་བྱས་པ་དང་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རླངས་སྣུམ་གྱི་འབར་མདེལ་འཕངས་ནས་ཉེན་རྟོག་པར་རྒོལ་ལན་སློག ད་ལྟ་ཕྱི་ཟླ་༦་ཚེས་༡༢་ནས་མགོ་བརྩམས་པའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་དྲག་ཟིང་གི་ངོ་བོ་ཞིག་ལ་འགྱུར་གྱི་ཡོད་པའི་རྣམ་པ་ཞིག་མངོན། ཐ་ན་ཧོང་ཀོང་ས་གནས་གཞུང་གིས་ཀྱང་མི་མང་གི་ངོ་རྒོལ་ལ་སྟངས་འཛིན་བྱས་མ་ཐུབ་པར་རྒྱ་ནག་དབུས་གཞུང་གིས་དམག་བཏང་ནས་དྲག་གནོན་བྱ་སྲིད་པའི་ཉེན་ཀ་ཡོད། ཕྱི་ཟླ་༨་ཚེས་༢༧་ཉིན་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་མི་མང་གི་ངོ་རྒོལ་ལས་འགུལ་ལ་ཧོང་ཀོང་ས་གནས་གཞུང་གིས་སྟངས་འཛིན་ནན་པོ་བྱེད་ཐུབ་ཀྱི་ཡོད། ད་ལྟའི་དུས་སྐབས་འདི་འོས་ཤིང་འཚམས་པ་ཞིག་མ་རེད། ཡིན་ནའང་ཧོང་ཀོང་ས་གནས་གཞུང་གིས་མི་དམངས་ལ་གྲོས་བསྡུར་དང་སྦྱང་བཤད། དཀའ་རྙོག་འདིའི་འབྱུང་རྩ་དང་ཧོང་ཀོང་མི་དམངས་ཀྱི་དགོས་འདུན་ཁག་ལ་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱེད་དུ་འཇུག་དགོས་པའི་ལྟ་ཚུལ་ལ་འགྱུར་བ་མེད། ང་ཚོས་མི་དམངས་ཡོད་དོ་ཅོག་ལ་འབྲེལ་བ་བྱས་ནས་སྤྱི་ཚོགས་ཞི་འགྲིག་ཡོང་བའི་ཐབས་སུ་འབད་དགོས། ཧོང་ཀོང་ལ་ཟིང་ཆ་ལངས་ཡོད་པ་ངེས་པར་དུ་ཞི་འཇམ་གཏོང་དགོས་ཞེས་ནན་བརྗོད་བྱས་ནས་ཧོང་ཀོང་ས་གནས་གཞུང་གིས་སྔར་བཞིན་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེར་འཛིན་སྐྱོང་བྱེད་ཐུབ་ཀྱི་ཡོད་པའི་རྣམ་འགྱུར་བསྟན་རུང་ཧོང་ཀོང་མི་དམངས་ཀྱིས་སྲིད་སྐྱོང་ཁེ་རི་ལམ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་དགོས་འདུན་བཏོན་པར་ལན་འདེབས་གང་ཡང་བྱས་མེད་ཅིང་། ད་སྔ་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་རྒྱུ་གཏན་དུ་ཕྱིར་འཐེན་བྱས་མེད་པ་རེད།

ད་ལོའི་ཕྱི་ཟླ་༡༠་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་གི་སྲིད་གཞུང་བཙུགས་ནས་ལོ་༧༠་འཁོར་བའི་དུས་ཆེན་ཡིན་པ་དང་པེ་ཅིང་གི་དབང་འཛིན་པ་ཚོས་ཕྱི་ཟླ་༡༠་པའི་ཚེས་༡་གི་སྔོན་ལ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ཁག་མཇུག་བསྒྲིལ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་མོད། འོན་ཀྱང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཚོས་མུ་མཐུད་དུ་ངོ་རྒོལ་བྱས་ནས་ལས་འགུལ་མཚམས་འཇོག་བྱ་རྒྱུ་མིན་ཞེས་བསྒྲགས། འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་ཏུའང་ཧོང་ཀོང་གི་ངོ་རྒོལ་ལ་དྲག་གནོན་བྱ་རྒྱུ་གཡོལ་ཐབས་བྱ་དགོས་ཞེས་ནན་བརྗོད་ཀྱི་གྲོས་ཆོད་བཞག གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སླར་ཡང་ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་དང་ཧོང་ཀོང་གི་ཟིང་འཁྲུག་ལ་ངན་སྐུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ་འདུག དཔེར་ན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲིང་གིས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པས་སྤེལ་བའི་གྲོས་ཆོད་དེར་ང་ཚོ་གཏན་ནས་མོས་མཐུན་མེད། ཁོ་ཚོས་བསམ་བློ་མ་བཏང་བར་ཧོང་ཀོང་གི་གནད་དོན་ལ་གྲོས་ཆོད་བཞག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས། རྒྱ་ནག་གི་སྤྱི་བདེ་བློན་ཆེན་ཀྲའོ་ཁེ་ཀྲི་ཀོང་ཏུང་ཞིང་ཆེན་ལ་གཟིགས་ཞིབ་ཏུ་ཕེབས་ནས་གསར་འགོད་པ་ཚོར་འཇིགས་སྐུལ་རིང་ལུགས་ཀྱི་དྲག་ཟིང་ཁག་ལ་རྒྱ་ནག་གིས་དྲག་གནོན་བྱ་རྒྱུ་དང་རྒྱ་ནག་གི་ཆབ་སྲིད་བརྟན་ལྷིང་ལ་ངེས་པར་དུ་སྲུང་སྐྱོབ་བྱ་དགོས་ཞེས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་རྣམས་འཇིགས་སྐུལ་རིང་ལུགས་པའི་དྲག་ཟིང་ཞིག་གི་རྣམ་པར་བསྒྱུར།

ད་ལོའི་ཕྱི་ཟླ་༦་པའི་མགོ་སྟོད་དེར་ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེར་བྲོས་བྲོལ་དུ་ཡོང་བའི་དོགས་ཅན་པའམ། ཡང་ན་རྒྱ་ནག་ནས་བྲོས་བྱོལ་དུ་ཡོང་བའི་ཁྲིམས་བྱོལ་བ་རྣམས་རང་ཡུལ་ལ་ཕྱིར་སློག་བྱ་དགོས་པའི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན། ཧོང་ཀོང་མི་དམངས་ཀྱིས་གྲོས་གཞི་དེ་ཕྱིར་འཐེན་བྱ་དགོས་ཞེས་འདས་པའི་ཟླ་བ་གཉིས་ལྷག་ལ་ངོ་རྒོལ་ལས་འགུལ་སྤེལ། རྒྱ་ནག་གཞུང་གིས་དོགས་ཅན་པ་དང་ཁྲིམས་བྱོལ་བ་སོགས་མིང་ཅི་ཞིག་བཏགས་ཀྱང་ཁྱད་པར་མེད། ཧོང་ཀོང་ས་གནས་གཞུང་ལ་གཏན་འབེབས་བྱེད་དུ་འཇུག་གི་ཡོད་པའི་བཅའ་ཁྲིམས་དེའི་དམིགས་ཡུལ་གཙོ་བོ་ནི་ཧོང་ཀོང་ལ་བྲོས་བྱོལ་དུ་སླེབས་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་ཤེས་ཡོན་ཅན། རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ་རྣམས་ཧོང་ཀོང་ནས་རྒྱ་ནག་ལ་ཕྱིར་སློག་བྱེད་འཇུག་པའི་ཆེད་དུ་རེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ད་དུང་༡༩༩༧་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་པའི་རྗེས་སུ་མངའ་ཁུལ་དེའི་ནང་སྲིད་ལ་པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་གཏོགས་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཡུལ་ཧོང་ཀོང་ས་གནས་དེ་རྒྱ་ནག་གི་གྲོང་ཁྱེར་ཞིག་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པར་བརྟེན། ཧོང་ཀོང་མི་དམངས་རྣམས་རྒྱ་ནག་གི་སྲིད་ཇུས་དེར་འདོད་པ་མེད་པར་རྒྱ་ནག་གཞུང་དང་ས་གནས་ཀྱི་འགོ་ཁྲིད་ཚོར་ངོ་རྒོལ་བྱ་རྒྱུ་འགོ་ཚུགས་འདུག

ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཕྱིར་འཐེན་བྱ་དགོས་པ་དང་མི་མང་གི་ངོ་རྒོལ་ལ་རང་བཙན་གྱི་ཚོགས་པ་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས། ཉེན་རྟོག་པས་མི་མང་ལ་གདུག་རྩུབ་ཆེན་པོའི་དྲག་གནོན་བྱས་པ་ཁས་ལེན་བྱ་དགོས་པ་དང་ཧོང་ཀོང་གི་ངོ་རྒོལ་ལ་ཟིང་འཁྲུག་ཅེས་འགྲེལ་བཤད་རྒྱག་གི་ཡོད་པ་མཚམས་འཇོག་བྱ་དགོས། ཧོང་ཀོང་ས་གནས་གཞུང་གིས་འཛིན་བཟུང་བྱས་པའི་མི་ཚོར་ནག་ཉེས་འཛུགས་མི་ཆོག་པ་དང་ཧོང་ཀོང་ལ་ཆབ་སྲིད་སྒྱུར་བཅོས་གཏོང་དགོས་ཞེས་དགོས་འདུན་དོན་ཚན་ལྔ་བཏོན། ད་སྔ་ཧོང་ཀོང་ས་གནས་གཞུང་གིས་མི་མང་ངོ་རྒོལ་བ་ཚོས་བཏོན་པའི་དགོས་འདོན་དོན་ཚན་གཅིག་ལའང་མོས་མཐུན་བྱ་རྒྱུའི་ཁས་ལེན་བྱས་མེད་པར་མ་ཟད། ད་བར་ཧོང་ཀོང་ས་གནས་གཞུང་གིས་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་མི་༨༨༣་འཛིན་བྱས་པ་རྣམས་གློད་གྲོལ་བཏང་མེད་པ་དང་མི་༡༣༦་ལ་དངོས་སུ་ནག་ཉེས་བཙུགས། ཧོང་ཀོང་གི་ཉེན་རྟོག་པ་༢༠༥་ལ་རྨས་སྐྱོན་ཕོག་འདུག་ཅེས་བསྒྲགས། ཁ་སང་གཟའ་ཟླ་བའི་ཉིན་ཧོང་ཀོང་ས་གནས་གཞུང་གི་འགོ་ཁྲིད་ཚོས་མི་ཉུང་ཤས་ཤིག་གིས་ཁྲིམས་འགལ་གྱི་དྲག་ཟིང་བསླངས་ནས་ཧོང་ཀོང་ཛ་དྲག་གི་གནས་སུ་རྫོང་གི་འདུག་ཅེས་འགྲེལ་བཤད་བརྒྱབ། ཧོང་ཀོང་མི་དམངས་ས་ཡ་མང་པོས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་གྲོས་གཞི་ཕྱིར་འཐེན་བྱ་དགོས་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་པ་ཁྲིམས་འགལ་གྱི་དྲག་ཟིང་ལ་ངོས་འཛིན་བྱས་འདུག

ཧོང་ཀོང་གི་ངོ་རྒོལ་ལ་བརྟེན་ནས་མངའ་ཁུལ་དེའི་དཔལ་འབྱོར་དང་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག ཧོང་ཀོང་གི་འབྱོར་ལྡན་པ་ཕལ་མོ་ཆེས་རང་གི་མ་རྩ་དང་དངུལ་སྒོར་རྣམས་ཧོང་ཀོང་གི་ས་ཐོག་ཏུ་མ་བཞག་པར་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག ཨོ་གླིང་རྒྱལ་ཁབ་དང་ཁེ་ན་ཌ། ཐེ་ཝན་དང་སིངྒ་པུར་སོགས་ལ་འཁྱེར་གྱི་ཡོད་པ་དང་ཕྱིའི་རྒྱལ་ཁབ་ཁག་གི་མི་ཁོངས་ཡིན་པའི་ཧོང་ཀོང་བ་རྣམས་ཀྱང་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེ་ནས་རང་རང་གི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ཕྱིར་ལོག་བྱེད་ཀྱི་པ་སྟེ། ཨོ་གླིང་རྒྱལ་ཁབ་ཀྱི་མེལ་བྷོན་གྲོང་ཁྱེར་གྱི་ས་ཁང་ཉོ་ཚོང་ཁང་ཞིག་བརྒྱུད་ནས་ཁང་པ་ཉོ་མཁན་གསུམ་ཆའི་གཅིག་ཧོང་ཀོང་བ་ཚོ་ཡིན་ཞིང་། དེང་སྐབས་མེལ་བྷོན་གྲོང་ཁྱེར་གྱི་ཁང་པའི་རིན་གོང་ཨ་སྒོར་ས་ཡ་༣་དང་འབུམ་༤་ཡན་ཆད་ལ་བརྒལ་འདུག ཨོ་གླིང་རྒྱལ་ཁབ་ཀྱི་ས་ཁང་ཉོ་ཚོང་ཁོངས་སུ་ཧོང་ཀོང་བ་ཁང་པ་ཉོ་མཁན་བརྒྱ་ཆ་༥༠་ཐམ་པ་མང་དུ་ཕྱིན་ཡོད་པའི་ཞིབ་འཇུག་སྙན་ཐོ་ཐོན། ད་དུང་ཨ་མི་རི་ཀ་དང་ཁེ་ན་ཌ་སོགས་ལའང་ཧོང་ཀོང་བ་གཏན་སྡོད་གཞིས་ཆགས་པ་ཡོང་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

XS
SM
MD
LG