ངོ་འཕྲད་བདེ་བའི་དྲ་འབྲེལ།

ངོ་རྒོལ་ལས་འགུལ་བའི་འབོད་ཚིག་ཁྲིམས་འགལ་དུ་ངོས་འཛིན་བྱས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨོ་སི་ཀྲོ་ལི་ཡའི་ཝེ་ཁི་ཁྲོ་རས་ཡ་མངའ་སྡེའི་མོར་བྷན་གྲོང་ཁྱེར་དུ་ཡོད་པའི་མངའ་སྡེའི་དཔེ་མཛོད་ཁང་གི་མདུན་ཐང་དུ། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བར་རྒྱབ་སྐྱོར་བྱེད་མཁན་དང་། རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་བཅས་སོ་སོའི་དགོས་འདུན་མི་འདྲ་བ་འདོན་མཁན་གྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་རིགས་གཉིས་ཀྱི་མི་གྲངས་སྟོང་ཕྲག་མཉམ་དུ་འཛོམས་ནས་ངོ་རྒོལ་ལས་འགུལ་སྤེལ་ཅིང་། ཕྱོགས་གཉིས་ཀྱི་ངོ་རྒོལ་ལས་འགུལ་བས་ཕན་ཚུན་ཁ་འཛིང་བྱས་མཐར་མཐའ་མ་ལག་འཛིང་བྱུང་ཤིང་། ས་གནས་ཀྱི་ཉེན་རྟོག་མི་སྣས་བར་འབྱེད་བྱས་ཏེ་ལས་འགུལ་བ་ཚོ་རང་རང་གི་སར་ལོག་ཏུ་བཅུག་པ་རེད། སྐབས་དེར་རྒྱ་ནག་པེ་ཅིང་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ངོ་རྒོལ་བ་དག་གིས་ཚང་མ་སྐད་ཤུགས་གཅིག་ཏུ་བཏོན་ནས་ཕ་རོལ་བོར་ཆགས་སྲེད་དང་འབྲེལ་བའི་དམའ་འབེབས་ཀྱི་བརྗོད་ཚིག་སྤེལ་བ་སོགས་མི་གཞིར་དམའ་འབེབས་ཀྱི་འབོད་ཚིག་བསྒྲགས་ཡོད་པ། ཨོ་སི་ཀྲོ་ལི་ཡའི་ཨད་བྷས་སས་གསར་འགྱུར་ཁང་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པས་དངོས་སུ་ཐོས་ཡོད་པ་གསར་འགྱུར་བརྒྱུད་ལམ་དུ་སྤེལ་ཡོད་ཅིང་། སྐབས་དེའི་ངོ་རྒོལ་ལས་འགུལ་གྱི་གནས་ཚུལ་བརྙན་ཕབ་བྱེད་བཞིན་པའི་སྐབས་སུ་ལས་འགུལ་བ་ཞིག་གིས་ཨད་བྷས་སས་གསར་འགྱུར་ཁང་གི་བརྙན་ལེན་པའི་ལག་གི་སྐད་སྦུག་ཕར་གཡུག་པའི་གནས་ཚུལ་ཀྱང་བྱུང་ཡོད་ཅིང་། དེའི་ཐད་ཝེ་ཁི་ཀྲོ་རས་ཡ་མངའ་སྡེའི་ཉེན་རྟོག་སྡེ་ཚན་གྱིས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ཨད་བྷས་སས་གསར་འགྱུར་ཁང་གིས་ཁ་སང་གནས་ཚུལ་སྤེལ་བའི་ནང་དུ། ཐེངས་འདིའི་ངོ་རྒོལ་ལས་འགུལ་ཁྲོད་དུ་ངོ་རྒོལ་བ་ཐུན་མོང་ནས་མཉམ་གཅིག་ཏུ་སྤྱི་བའི་ས་གནས་སུ་ཕ་རོལ་བོར་ཆགས་སྲེད་དང་འབྲེལ་བའི་དམའ་འབེབས་ཀྱི་འབོད་ཚིག་བསྒྲགས་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པའི་འགྲེལ་བཤད་བྱས་འདུག་ཅིང་། འགྲེལ་བཤད་དེའི་ནང་དུ། སྤྱིར་བཏང་ངོ་རྒོལ་ལས་འགུལ་བར་སོ་སོའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོད་ནའང་། ཝེ་ཁི་ཀྲོ་རོས་ཡ་མངའ་སྡེའི་ནང་དུ་མི་ཞིག་གིས་སྤྱི་བའི་ས་གནས་སུ་ཆགས་སྲེད་དང་འབྲེལ་བའི་གཏམ་བརྗོད་སྤེལ་བའམ། མི་ལ་དམའ་འབེབས་དང་ཟུར་ཟ། འཇིགས་སྐུལ་བཅས་ཀྱི་བརྗོད་ཚིག་སྤེལ་ན་དེ་ནི་ཁྲིམས་འགལ་ཡིན་ཞེས་འགྲེལ་བཤད་བྱས་འདུག གཞན་ཧོང་ཁོང་གི་ངོ་རྒོལ་ལས་འགུལ་བར་རྒྱབ་སྐྱོར་བྱེད་མཁན་གྱི་ལས་འགུལ་བའི་གྲས་སུ་ཁ་རས་དཀྲིས་མཁན་མང་པོ་ཞིག་ཡོད་པ་ཚོའི་དམིགས་ཡུལ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུའི་དམིགས་ཡུལ་ཡིན་པས་དེ་ཡང་ཁྲིམས་འགལ་ཡིན་པ་སོགས་ཀྱི་གླེང་སློང་བྱེད་བཞིན་པའི་ཐད་ཉེན་རྟོག་པའི་ཕྱོགས་ཀྱི་མགྲིན་ཚབ་པས། ཝེ་ཁི་ཀྲོ་རས་ཡ་མངའ་སྡེའི་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུའི་དམིགས་ཡུལ་བཟུང་ནས་ལུས་ཀྱི་ཆ་ཤས་བཏུམ་པའི་བྱ་སྤྱོད་རིགས་ནི་ཁྲིམས་འགལ་ཡིན་ནའང་། ཐེངས་འདིའི་ངོ་རྒོལ་ཁྲོམ་སྐོར་བའི་གནས་ཚུལ་གྱི་ངོས་ནས་ངོ་རྒོལ་བས་ཁ་རས་དཀྲིས་ཡོད་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་རྒྱུའི་དམིགས་ཡུལ་དང་འབྲེལ་བ་མེད་པས་དེ་ནི་ཁྲིམས་འགལ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཅེས་བཤད་འདུག ཉེ་ཆར་ནས་ཨོ་སི་ཀྲོ་ལི་ཡའི་མངའ་སྡེ་མང་པོའི་ནང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་དང་ངོ་རྒོལ་ཞུ་བའི་ངོ་རྒོལ་ལས་འགུལ་མང་པོ་བྱུང་བ་དང་བསྟུན་ནས། ངོ་རྒོལ་ལས་འགུལ་ཁྲོད་འོས་མིན་གྱི་སྨྲ་བརྗོད་དང་བྱ་སྤྱོད་ཀྱི་རིགས་སྤེལ་བའི་གནས་ཚུལ་བསྟུད་མར་བྱུང་འདུག་ཅིང་། མིང་བརྗོད་འདོད་མེད་པའི་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཞིག་གིས་ཨད་བྷས་སས་གསར་འགྱུར་ཁང་དུ་བརྗོད་དོན་ལ། ཁོ་མོ་ཉེ་ཆར་ནན་ཨོ་སློབ་གྲྭ་ཆེན་མོའི་ནང་གི་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་སྐབས་ཁོ་མོས་ཁ་རས་དཀྲིས་མེད་ཅིང་།

སྐབས་དེར་རྒྱ་ནག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ལས་འགུལ་བས་ཁོ་མོ་པར་བརྒྱབ་ཡོད་པ་དང། པར་དག་སྐད་འཕྲིན་བརྒྱུད་ལམ་དུ་ཤུགས་ཆེན་པོས་བཀྲམ་པ་དང་བསྟུན་ནས་མོ་རང་སྒེར་གྱི་ལས་གནས་དང་། རུས་མིང་། ངོ་དེབ་སྟེང་སྤེལ་བའི་གནས་ཚུལ་སོགས་དྲ་ལམ་དུ་སྤེལ་ཡོད་པའི་གནས་ཚུལ་བྱུང་བ་རེད། གཞན་སས་སྦྲི་ནྰས་ཚན་རྩལ་སློབ་ཆེན་གྱི་གྱང་ངོས་སུ་རྒྱ་ཡིག་བྲིས་ཡོད་པའི་པར་རིས་གཉིས་སྦྱར་ཡོད་པའི་སྟེང་དུ། གལ་ཏེ་ཁྱོད་འཆི་འདོད་ཀྱི་མེད་ཚེ་ཧོང་ཀོང་རང་བཙན་དང་འབྲེལ་བའི་གཏམ་བརྗོད་དག་ཕྱིར་བསྡུ་རོགས་ཅེས་ཚེ་སྲོག་ལ་འཇིགས་སྐུལ་བའི་གཏམ་བརྗོད་སྤེལ་ཡོད་པ་ཡང་ཨེ་བྷས་སས་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་འདུག གཞན་གསར་འགྱུར་ལས་ཁང་དེས་དབྱེ་ཞིབ་བྱས་དོན་ལ་རྒྱ་ནག་གཞུང་གིས་ད་ལྟའི་བར་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་འདིའི་ནང་དུ་དྲག་སྤྱོད་སྤེལ་བའི་རིགས་དང་ཧོང་ཀོང་རང་བཙན་གྱི་སྨྲ་བརྗོད་སྤེལ་བའི་རིགས་གཙོ་བོ་བྱས་ནས་ཁྱབ་བསྒྲགས་བྱས་ཡོད་པ་བཞིན་ཕྱི་རུ་ཡོད་པའི་སློབ་མ་དག་གི་ངོ་རྒོལ་ལས་འགུལ་ཡང་རང་ངོས་ནས་བྱ་སྤྱོད་དེ་འགོག་སྲུང་གི་ཆེད་ངོ་རྒོལ་ལས་འགུལ་སྤེལ་བཞིན་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད།།

XS
SM
MD
LG