ས་སྐྱ་གོང་མ་ཁྲི་འཛིན་མཆོག་གིས་ཞི་བདེ་དང་འཆམ་མཐུན་སླད་ཆོས་བརྒྱུད་ཁག་མཐུན་སྒྲིལ་དགོས་པའི་བཀའ་སློབ་གནང་།
དེ་རིང་ཕྱི་ཟླ་༨ ཚེས་༡༣ ཉིན་འཁོན་རིགས་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཁུལ་དུ་ཆོས་འབྲེལ་གྱི་མཛད་འཕྲིན་སྐྱོང་བཞིན་པའི་ཁྲོད་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་བཞིན་གཟའ་མིག་དམར་ཉིན་སྔ་ཐོག་འབྲི་གུང་བཀའ་བརྒྱུད་དགོན་པར་གནས་གཟིགས་དང་བླང་དོར་བཀའ་སློབ་གནང་བ་མ་ཟད་དེ་རྗེས་བདེ་སྐྱིད་སླར་གསོ་གཞིས་ཆགས་ལས་ཁུངས་དང་ཀརྨ་བཀའ་བརྒྱུད་དགོན་པར་གནས་གཟིགས་དང་འབྲེལ་དེ་གར་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་འཁོར་ཡུག་སྲུང་སྐྱོབ་མཛད་པར་རྒྱབ་སྐྱོར་མཚོན་ཆེད་ལྗོན་ཤིང་འདེབས་འཛུགས་གནང་ཡོད་པ་རེད།
དེ་རྗེས་ཀུན་གཟིགས་པན་ཆེན་རིན་པོ་ཆེའི་གདན་ས་ཆོས་སྡེ་བཀྲ་ཤིས་ལྷུན་པོར་གནས་གཟིགས་དང་འབྲེལ་བཀའ་སློབ་གནང་དོན་ནང་ཀུན་གཟིགས་པན་ཆེན་རིན་པོ་ཆེ་ནི་འཁོན་གྱི་གདུང་བརྒྱུད་ཡིན་སྟབས་དམིགས་བསལ་ས་སྐྱའི་གདུང་བརྒྱུད་དབར་འབྲེལ་བ་ཆེན་པོ་ཆགས་ཡོད་སྐོར་གསུང་གནང་སོང་།
ཡང་བླང་དོར་ལམ་སྟོན་བཀའ་སློབ་བསྩལ་བའི་ནང་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ནི་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་སྟོན་པ་གཅིག་གི་ཆོས་བརྒྱུད་ཡིན་པ་དང་མཐར་ཐུག་དམིགས་ཡུལ་ཡང་་གཅིག་མཚུངས་ཡིན་ལ་ལྷག་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཛད་པའི་ཉི་འོད་འོག་ཆོས་བརྒྱུད་ཐམས་བཅད་འབྲེལ་ལམ་དམ་ཟབ་ཡོད་པ་བཞིན་སླད་ཀྱང་ཞི་བདེ་དགོས་ན་ཆོས་བརྒྱུད་ཁག་སྔར་ལྷག་མཐུན་ལམ་དགོངས་གལ་ཡིན་པ་གསུངས་གནང་སོང་།
དེ་དང་སྦྲགས་འདི་གའི་གསར་འགོད་པས་རིན་པོ་ཆེ་མཆོག་ལ་ཐེངས་འདིའི་ལྷོ་ཕྱོགས་ཀྱི་མཛད་འཕྲིན་དང་འབྲེལ་བའི་སྐོར་ལ་དམིགས་བསལ་བཅར་འདྲི་ཞུས་ཡོད་པར་བཀའ་ལན་གནང་དོན་དུ། འདི་ནི་ས་སྐྱ་ཁྲི་འཛིན་གྱི་ཐུགས་འགན་བཞེས་ནས་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་པ་ཐེངས་དང་པོ་ཡིན་པ་དང་། འདི་གར་གནས་འཁོད་ས་སྐྱའི་དགོན་ཁག་གསུམ་གྱིས་རེ་སྐུལ་གནང་བ་ནང་བཞིན་འདིར་སླེབས་ནས་དགོན་ཆེན་མང་པོ་ལ་གནས་མཇལ་དང་མི་མང་ལ་ཐུག་འཕྲད་ཀྱི་གོ་སྐབས་བྱུང་ཞེས་གསུངས། དེ་བཞིན་གཞིས་བྱེས་བོད་མི་ཡོངས་ཐུགས་མཐུན་ཁྲིམས་གཙང་ཐོག་གནས་པའི་ངོར་ཡ་རབས་སྤྱོད་བཟང་མི་ཉམས་རྒྱུན་འཛིན། དགེ་སྒྲུབ་སྡིག་སྤོང་ཅི་ཐུབ་གནང་དགོས་པའི་འབོད་སྐུལ་གནང་ཡོད།
དེ་རིང་ཕྱི་དྲོ་སེར་བྱེས་ཏྲེ་ཧོར་ཁང་ཚན་ནས་གོ་སྒྲིག་ཞུས་པའི་རྗེ་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་ཏེ་ལོ་ངོ་དྲུག་བརྒྱ་འཁོར་བ་དང་། རྗེ་བྱམས་ཆེན་ཆོས་རྗེ་ཤཀྱཱ་ཡེ་ཤེས་མཆོག་གིས་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་སྟེ་ལོ་ངོ་༦༠༠ འཁོར་བ། འཕགས་ཡུལ་སེ་ར་ཐེག་ཆེན་གླིང་རྒྱ་གར་ལྷོ་ཕྱོགས་སུ་གནས་སྤོ་གནང་སྟེ་ལོ་ངོ་༥༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་དུས་ཆེན་གསུམ་སྲུང་བརྩི་དང་འབྲེལ་རྗེ་ཙོང་ཁ་པས་མཛད་པའི་ལེགས་བཤད་གསེར་ཕྲེང་གི་བགྲོ་གླེང་ཆེན་མོ་ཞིག་སེར་བྱེས་ཏྲེ་ཧོར་ཁམས་ཚན་དུ་ཚུགས་ཡོད་པ་རེད། དེའི་ཐོག་ས་སྐྱ་གོང་མ་ཁྲི་ཆེན་མཆོག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ཤར་བྱང་གི་ཆོས་རྗེ་རྣམ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་བཅས་ཀྱིས་དབུས་ཕྱི་ནང་སྐུ་མགྲོན་བརྒྱ་ཕྲག་ཕེབས་འདུག