ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཐེ་ཝན་གྱི་གསར་ཁང་འགའ་དང་རྒྱ་ནག་དངུལ་སྒོར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་དུས་ཤིག་ནས་ཐེ་ཝན་དང་རྒྱ་ནག་གི་འགལ་ཟླའི་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་ཐེ་ཝན་གྱི་གསར་འགྱུར་ལས་ལྔ་ལ་དངུལ་སྒོར་སྤྲད་ནས་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་འབྱུང་ཐབས་སུ་ཐེ་ཝན་མི་དམངས་ཀྱི་བསམ་བློ་བསྒྱུར་རྒྱུ། རྒྱ་ནག་གཞུང་ལ་ཕན་ཐོག་ཡོད་པའི་གསར་འགྱུར་སྤེལ་དགོས་པའི་སྐུལ་ལྕག་བཏང་འདུག ཐེ་ཝན་གྱི་གསར་ཁང་དེ་དག་གི་གྲས་སུ་བརྙན་འཕྲིན་ལས་ཁང་དང་ཚགས་ཤོག་པར་སྐྲུན་ཁང་སོགས་འདུག་ཅེས་ལྷོ་རྒྱ་ནག་ཞོགས་པའི་ཚགས་ཤོག་གི་སྟེང་དུ་གནས་ཚུལ་སྤེལ་འདུག

འདི་ནི་ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཁུལ་གྱི་ཡིག་ཆ་དང་ལས་དོན་དེར་ཐད་ཀར་འབྲེལ་བ་ཡོད་པའི་མི་ཚོ་བརྒྱུད་ནས་ཤེས་རྟོགས་བྱུང་བ་ཞིག་ཡིན་ཞིང་། རྒྱ་ནག་གཞུང་གིས་ཐེ་ཝན་དུ་བཙུགས་ཡོད་པའི་ཐེ་ཝན་ལས་དོན་ཁང་གིས་རྒྱ་ནག་གི་མི་དམངས་ཤོག་སྒོར་སུམ་ཁྲི་སྟེ། ཨ་སྒོར་༤༢༠༠་ཙམ་འགྲོ་གྲོན་བཏང་ནས་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཚོང་པ་ཁག་གི་བློ་འགུགས་ཐབས་བྱེད་ཀྱི་ཡོད་པའི་གཏམ་རྒྱུད་གཉིས་བཟོ་རུ་བཅུག་འདུག་ཅིང་། ལས་དོན་དེར་འབྲེལ་བ་ཡོད་པའི་མི་ཞིག་གིས་བཤད་པ་ལྟར་ན་ཐེ་ཝན་གྱི་གསར་ཁང་དེ་ཚོས་རྒྱ་ནག་གི་དྲིལ་བསྒྲགས་ལས་དོན་སྒྲུབ་བཞིན་པ་ཡོད་དང་རྒྱ་ནག་གཞུང་ལ་སྲི་ཞུ་སྒྲུབ་ཀྱི་ཡོད་པའི་ཚོར་སྣང་ཞིག་འབྱུང་གི་འདུག་ཅེས་གསར་འགྱུར་བརྒྱུད་ལམ་དུ་བཤད།

ཁོ་པས་གོང་གི་གསར་འགྱུར་དེར་འཁོད་པའི་ལས་དོན་བསྒྲུབ་རྒྱུ་རྒྱ་ནག་གཞུང་གི་ཐེ་ཝན་ལས་དོན་ཁང་གི་གསར་ཁང་ལ་ལས་འགན་སྤྲད་ཡོད་པ་དང་བཅར་འདྲི་ཞུ་མཁན་ཡང་རྒྱ་ནག་དམར་ཕྱོགས་ཚོགས་པའི་དྲིལ་་བསྒྲགས་ཁང་གི་ལས་བྱེད་པ་བདམས་འདུག་ཅེས་བཤད། གསར་འགོད་པས་མི་དེར་གསར་འགྱུར་གྱི་ནང་དོན་རྣམས་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་སྟེ་གཏམ་རྒྱུད་བཟོས་པ་ཅི་ལྟར་ཤེས་སམ་ཞེས་དྲིས། གསར་འགྱུར་གྱི་ནང་དུ་རྒྱ་ནག་གཞུང་གི་ལངས་ཕྱོགས་དྲིལ་བསྒྲགས་བྱ་ཐབས་ལ་འབད་བརྩོན་བྱས་ཡོད་པས་ཤེས་རྟོགས་ཐུབ་ཅེས་བཤད་འདུག

གནས་ཚུལ་མཁོ་སྤྲོད་པའི་རེ་བ་ལྟར་རྒྱ་ནག་གིས་དངུལ་སྒོར་སྤྲད་བསླུ་བྲིད་བྱེད་ཀྱི་ཡོད་པའི་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་དངོས་སུ་མོང་འདོན་བྱས་མེད་ཀྱང་ངས་ལ་རྒྱ་གཞུང་གིས་དངུལ་གྱི་བསླུ་བྲིད་བྱས་ཡོད་པའི་མིང་གསལ་འདོན་བྱས་མེད་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་བློ་ཁ་སྒྱུར་གྱི་ཡོད་པ་འབྲེལ་ཡོད་མི་སྣ་གསུམ་གྱི་ངེས་གཏན་བྱས་ཡོད་ཅིང་། ཁོ་ཚོས་བཤད་པ་ལྟར་ན་ཉེ་བའི་ལོ་བཅུའི་སྔོན་ནས་ཐེ་ཝན་དང་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་ལམ་བ་བཟང་དུ་ཕྱིན་པ་ནས་བཟུང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་ལ་དངུལ་སྒོར་འགྲོ་སོང་བཏང་ནས་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་པའི་བརྙན་འཕྲིན་དང་རྩོམ་ཡིག་སོགས་སྤེལ་དུ་བཅུག

རྒྱ་ནག་ནས་དངུལ་སྒོར་འགྲོ་སོང་ཡོང་ས་མང་ཆེ་བ་ནི་རྒྱ་ནག་གཞུང་གི་ཐེ་ཝན་ལས་དོན་ཁང་ཞེས་པ་དེ་ཡིན་པར་མ་ཟད། རྒྱ་ནག་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་སྲིད་གཞུང་འགའ་ཞིག་གིས་ཀྱང་དངུལ་སྒོར་གྱི་འགྲོ་སོང་བཏང་ཡོད་པ་ཤེས་ཐུབ། དེང་སྐབས་ཐེ་ཝན་ལ་མཚོན་ན་ལོ་རྗེས་མའི་སྲིད་འཛིན་འོས་འདེམས་ལ་གྲ་སྒྲིག་བྱེད་བཞིན་པའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་ཕྱོགས་གང་ས་ནས་ཐེ་ཝན་ལ་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་པ་དང་། སྤྱི་ཟླ་༧་པའི་ཟླ་མཇུག་ལ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཐེ་ཝན་དང་ཐག་ཉེ་སའི་མཚོ་ཁུལ་མ་འདྲ་བ་གཉིས་ལ་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་པས་ཐེ་ཝན་གྱིས་ཀྱང་དེ་ལ་ཡ་ལན་གྱི་ཚུལ་ཏུ་དམག་སྦྱོང་བྱས་ནས་ཕྱོགས་གཉིས་ཀྱི་འགལ་བ་ཆེ་རུ་ཕྱིན། ཉེ་ཆར་རྒྱ་ནག་གཞུང་གིས་ཐེ་ཝན་ལ་མི་མང་སྒེར་པ་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་མི་ཆོག་པའི་བཀག་འགོག་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།།

XS
SM
MD
LG