ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་མཇུག་སྒྲིལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་མིག་དམར་ཉིན་ཨ་རིའི་ཚོང་དོན་གྲོས་མོལ་འགོ་བ་དང་ནོར་སྲིད་དྲུང་ཆེ་གཙོས་ཨ་རིའི་ཚོང་དོན་སྐུ་ཚབ་ཚོགས་པ་དང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པས་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་འདས་པའི་ལོ་གཅིག་ལྷག་གི་རིང་ལ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ལངས་ཡོད་པ་མཇུག་བསྒྲིལ་ཐབས་སུ་གྲོས་མོལ་ཐེངས་༡༧་བྱས་འདུག ཡིན་ནའང་དེ་རིང་ཕྱི་ཚེས་༣༡་ཉིན་ཨ་རི་དང་རྒྱ་ནག་གི་ཚོང་གྲོས་མོལ་ལ་དམིགས་བསལ་གྱི་གྲུབ་འབྲས་ཆེན་པོ་ཞིག་མ་ཐོན་པར་རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་ཐོན་སྐྱེད་མང་ཙམ་ནང་འདྲེན་བྱ་རྒྱུ་དང་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ། ད་ལོའི་ཕྱི་ཟླ་༩་པར་རྒྱ་ནག་དང་ཨ་མི་རི་ཀའི་སྐུ་ཚབ་ཚོས་རྒྱལ་ས་ཝ་ཤིང་ཊོན་དུ་སླར་ཡང་ཚོང་དོན་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་ནས་ཐེངས་འདིའི་གྲོས་མོལ་མཇུག་བསྡུས་འདུག

ཁ་སང་ཕྱི་ཚེས་༣༠་ཉིན་ཨ་རིའི་ཚོང་དོན་སྐུ་ཚབ་ཚོགས་པ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་ལ་འབྱོར་མ་ཐག་ཏུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཊོས་ཊར་དྲྭ་ལམ་དུ་རྒྱ་ནག་གཞུང་གིས་ལོ་རྗེས་མའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་དམིགས་ནས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་བྱ་རྒྱུ་ནར་འགྱངས་གཏོང་གི་འདུག གལ་སྲིད་རྒྱ་ནག་གཞུང་གིས་མུ་མཐུད་དུ་ཚོང་དོན་གྲོས་མོལ་ནར་འགྱངས་བྱས་ན་མཇུག་འབྲས་ངན་པ་ཞིག་འབྱུང་སྲིད་ཅེས་སྐྱོན་བརྗོད་བྱས་ཡོད་པར་མ་ཟད། རྒྱ་ནག་གིས་ཨ་རིའི་ཞིང་ལས་ཐོན་སྐྱེད་མང་ཙམ་ནང་འདྲེན་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་ལག་ལེན་བསྟར་གྱི་མི་འདུག རྒྱ་ནག་གིས་གྲོས་མོལ་ཕྱིར་འགྱངས་བྱས་ནས་ང་ལ་སྤྱི་ལོ་༢༠༢༠་ལོའི་ཟླ་བཅུ་༡༡་པར་བསྐྱར་དུ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་མི་འཐོབ་རྒྱུའི་རེ་བ་འཆང་བཞིན་འདུག འདི་ནི་ཐབས་ཇུས་ངན་པ་དང་དེ་ལ་མཇུག་འབྲས་ཡག་པོ་ཞིག་སྨིན་མི་སྲིད་ཅེས་བཤད།

སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་མུ་མཐུད་དུ་གྲོས་མཐུན་ཞིག་མ་བཞག་པར་སྒུག་རྩིས་བྱེད་ཀྱི་ཡོད་ཀྱང་ལོ་རྗེས་མར་ང་ལ་སླར་ཡང་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ན་རྒྱ་ནག་གིས་ཨ་རི་ལ་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་རྒྱུ་ད་ལྟ་ལས་ཀྱང་དཀའ་ངལ་ཆེ་རུ་འགྲོ་ངེས་ཡིན། ཐ་ན་ཚོང་ལས་ཀྱི་གྲོས་མཐུན་ཞིག་གཏན་ནས་འཇོག་མི་ཐུབ་པའང་འབྱུང་སྲིད་ཅེས་ཉེན་བརྡ་བཏང་ཞིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུང་དབྱིང་གིས་གསར་འགོད་པ་ཚོར་ཨ་རི་དང་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོས་ཧྲང་ཧེ་གྲོང་ཁྱེར་དུ་གྲོས་མོལ་བྱས་པར་གྲུབ་འབྲས་གསར་པ་ཅི་ཞིག་ཐོན་ཡོད་མེད་ནི་ངས་ཀྱང་ཤེས་རྟོགས་བྱུང་མ་སོང་། ཨ་རིའི་གཞུང་གིས་སྔ་ཕྱི་འགལ་བ་ཅན་གྱི་ལས་དོན་སྒྲུབ་བཞིན་པ་ནི་མངོན་གསལ་རེད། དཔེར་ན་དོན་གྲོས་མོལ་དེར་འབྲེལ་བ་ཡོད་པ་ཞིག་ཊོས་ཊར་དྲྭ་ལམ་དང་གསར་འགྱུར་ནང་དུ་ཐོན་པ་ངས་མཐོང་སོང་། འདི་ནི་གད་མོ་འཆོར་དགོས་པ་ཞིག་རེད། སྐབས་འདིར་ཨ་རིས་ཨུ་ཚུགས་མཐར་སྐྱེལ་གྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་པར་དོན་སྙིང་མི་འདུག ཨ་རི་ལ་སྐྱོན་ཞིག་ཡོད་པ་ནི་རང་གི་ནོར་འཁྲུལ་རྣམས་གཞན་གྱི་སྟེང་དུ་འགེལ་ཐབས་བྱེད་ཀྱི་ཡོད་པ་དེ་ཡིན་པས་ཕན་ཐོགས་ཅི་ཡང་མེད་ཅེས་དགག་པ་བརྒྱབ་འདུག

ཐེངས་འདིའི་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ནི་ཉེ་ཆར་སྤྱི་ཟླ་༦་པའི་ཟླ་མཇུག་དེར་ཉི་ཧོང་གི་ཨོ་ས་ཁར་ཚོགས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་ཞོར་དུ་རྒྱ་ནག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་ཐུག་འཕྲད་གྲོས་མོལ་གྱིས་གནས་སྐབས་རིང་ཕྱོགས་གཉིས་ཀས་སྒོ་ཁྲལ་སྤར་རེས་བྱུ་རྒྱུ་མིན་པ་དང་རྒྱ་ནག་དང་ཨ་རིའི་ཚོང་དོན་སྐུ་ཚབ་ཚོ་དངོས་སུ་ཐུག་ནས་གྲོས་མོལ་བྱ་དགོས་པའི་གྲོས་མཐུན་བྱུང་བའི་གཞུག་གི་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ཐེངས་དང་པོ་ཡིན་ཞིང་། ཁ་སང་གཟའ་མིག་དམར་ཉིན་རྒྱ་ནག་གིས་ཨ་རིའི་ཚོང་དོན་སྐུ་ཚབ་ཚོ་རྒྱ་ནག་གི་ལོ་རྒྱུས་རིང་པོ་ལྡན་པའི་ཧོང་ཕུའུ་གཙང་འགྲམ་གྱི་མགྲོན་ཁང་དུ་སྣེ་ལེན་གཟབ་ཞུས་ནས་གྲོས་མོལ་འགོ་ཚུགས། དེ་རིང་གཟའ་ལྷག་པའི་ཉིན་ཕྱེད་ནས་གྲོས་མོལ་མཇུག་བསྒྲིལ་འདུག

ཉེ་ཆར་ཕྱི་ཟླ་༦་པའི་ཟླ་མཇུག་དེར་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ལ་ཨ་སྒོར་དུང་ཕྱུར་༣༠༠༠་གི་སྒོ་ཁྲལ་སྤར་རྒྱུ་གནས་སྐབས་རིང་ངང་འཐེན་བྱ་རྒྱུ། ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཉེས་ཆད་བཅད་ཡོད་པ་ཁག་ཅིག་ཕྱིར་འཐེན་བྱ་རྒྱུའི་ཁས་ལེན་བྱས་ཤིང་། རྒྱ་ནག་གིས་ཀྱང་ཨ་རིའི་ཞིང་ལས་ཐོན་སྐྱེད་ནང་འདྲེན་བྱ་དགོས་པའི་སྔོན་འགྲོའི་ཆ་རྐྱེན་བཞག་འདུག

XS
SM
MD
LG