ངོ་འཕྲད་བདེ་བའི་དྲ་འབྲེལ།

པེ་ཅིང་གི་ཁ་ཆེའི་ཟ་ཁང་གི་ཧ་ལ་དང་ཟླ་བའི་རི་མོ་ནག་སུབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ནེའུ་ཅེ་སྲང་ལམ་དུ་ཁ་ཆེ་ཚོ་ཁྱིམ་གཞིས་ཆགས་ནས་ལོ་བརྒྱ་ཕྲག་འགའ་ཞིག་འགོར། པེ་ཅིང་གི་ཁ་ཆེ་ཚོས་ཟ་ཁང་དང་ཚོང་ཁང་སོགས་གཉེར་ནས་འཚོ་བ་སྐྱེལ་བཞིན་ཡོད་པས་པེ་ཅིང་གི་ཁ་ཆེ་ཚོ་དང་དེའི་ཁྱད་ཆོས་རྣམས་གནའ་སྔ་མོ་ནས་རྒྱ་ནག་གི་རྒྱལ་སའི་གྲུབ་ཆ་ཞིག་ཏུ་གྱུར། པེ་ཅིང་གི་ཁ་ཆེའི་ཟ་ཁང་དང་ཟས་རིགས་ཚོང་ཁང་། ཅ་ལག་ཚོང་ཁང་ཁག་གི་སྒོ་དང་སྒེའུ་ཁུང་སོགས་ཀྱི་ཐོག་ཏུ་ཨ་རབ་སྐད་དུ་ཧ་ལ་ཞེས་འབྲི་བ་དང་ཁ་ཆེའི་ཆོས་ལུགས་ཀྱི་མཚོན་རྟགས་ཟླ་བའི་རི་མོ་འབྲི་བའི་ལམ་སྲོལ་ཞིག་ཀྱང་དར། ཡིན་ནའང་ད་ལྟ་རྒྱ་ནག་གཞུང་གིས་ཆོས་ལུགས་ཐམས་ཅད་རྒྱ་ནག་ཅན་དུ་སྒྱུར་དགོས་པའི་ལས་འགུལ་ཞིག་སྤེལ་ནས་རྒྱལ་ས་པེ་ཅིང་གི་ཁ་ཆེའི་ཟ་ཁང་དང་ཟས་རིགས་ཚོང་ཁང་། ཅ་ལག་ཚོང་ཁང་ཁག་གི་སྒོ་དང་སྒེའུ་ཁུང་ཐོག་ཏུ་ཧ་ལ་ཞེས་ཨ་རབ་སྐད་དུ་བྲིས་ཡོད་པ་དང་ཁ་ཆེའི་ཆོས་ལུགས་ཀྱི་མཚོན་རྟགས་ཟླ་བའི་རི་མོ་བྲིས་ཡོད་པ་རྣམས་ནག་སུབ་གཏོང་དགོས། པེ་ཅིང་གི་ཁ་ཆེའི་ཟ་ཁང་ཁག་དང་ཚོང་ཁང་སོགས་ཀྱིས་རྒྱ་ནག་གི་རིག་གཞུང་དང་རྒྱ་ནག་གི་ཁྱད་ཆོས་འབུར་དུ་ཐོན་པའི་ལེགས་སྐྱེས་འབུལ་དགོས་ཞེས་བཀའ་བཏང་འདུག

ཉེ་དུས་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཞིག་པེ་ཅིང་གི་ཁ་ཆེའི་ཟ་ཁང་དང་ཧ་ལའི་ཟས་རིགས་ཀྱི་ཚོང་ཁང་། ཁ་ཆེའི་ཅ་ལག་ཚོང་ཁང་ཁག་༡༡་ལ་རྟོག་ཞིབ་ཏུ་བསྐྱོད་ནས་ཚོང་ཁང་གི་བདག་པོ་སོགས་ལ་གླེང་མོལ་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན་རྒྱ་ནག་གཞུང་གིས་ཁ་ཆེའི་ཟ་ཁང་དང་ཟས་རིགས་ཚོང་ཁང་ཁག་ལ་ཨ་རབ་སྐད་དུ་ཧ་ལ་ཞེས་འབྲི་མི་ཆོག ཟླ་བའི་རི་མོ་བྲིས་ཡོད་པ་རྣམས་ཀྱང་ནག་སུབ་གཏོང་དགོས་པའི་བཀའ་བཏང་འདུག ཟ་ཁང་ཞིག་གི་བདག་པོས་གསར་འགོད་པར་རྒྱ་གཞུང་གི་ལས་བྱེད་པ་ཚོ་ཐུག་པ་འཐུང་སའི་ཁ་ཆེའི་ཟ་ཁང་ཞིག་གི་ནང་དུ་སླེབས་སོང་། ཁོ་ཚོས་ཟ་ཁང་བདག་པོར་སྒེའུ་ཁུང་ཐོག་ཏུ་ཨ་རབ་སྐད་དུ་ཧ་ལ་ཞེས་བྲིས་ཡོད་པ་ནག་སུབ་གཏོང་དགོས་པའི་བཀའ་བཏང་སོང་བས་ཟ་ཁང་བདག་པོས་གཞུང་གི་ལས་བྱེད་པའི་མིག་གིས་མཐོང་སར་ཨ་རབ་སྐད་དུ་ཧ་ལ་ཞེས་བྲིས་ཡོད་པ་བསུབ་དགོས་བྱུང་སོང་། ཁོ་ཚོས་ཧ་ལ་དང་ཟླ་བའི་རི་མོ་ནི་ཨ་རབ་པ་དང་ཕྱིའི་རིག་གཞུང་ཞིག་རེད། པེ་ཅིང་གི་ཁ་ཆེ་ཚོས་རྒྱ་ནག་གི་རིག་གཞུང་དར་སྤེལ་གཏོང་དགོས་པའི་མངགས་བཀོད་བྱས་ཡོད་ཞེས་བཤད་འདུག པེ་ཅིང་གི་ནེའུ་ཅེ་ས་ཁུལ་དང་དེ་མིན་གྱི་གྲོང་གླིང་ཁག་ཏུ་ཉུང་མཐར་ཡང་ཁ་ཆེའི་ཟ་ཁང་དང་ཟས་རིགས་ཚོང་ཁང་༡༠༠༠་ལྷག་ཡོད་ཅིང་། རྒྱ་ནག་གཞུང་གིས་པེ་ཅིང་གྲོང་ཁྱེར་གྱི་ཁ་ཆེའི་ཟ་ཁང་ཡོད་དོ་ཅོག་ལ་ཨ་རབ་སྐད་དུ་ཧ་ལ་ཞེས་བྲིས་ཡོད་པ་རྣམས་ནག་སུབ་གཏོང་དགོས་པའི་བཀའ་བཏང་ཡོད་པ་ཤེས་རྟོགས་དཀའ། རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་གསར་འགོད་པ་དངོས་སུ་ཁ་ཆེའི་ཟ་ཁང་དང་ཟས་རིགས་ཚོང་ཁང་ཁག་ལ་བསྐྱོད་ནས་ཞིབ་འཇུག་བྱས་པས་པེ་ཅིང་གི་ཁ་ཆེའི་ཚོང་ཁང་མང་པོ་ཞིག་གིས་ཨ་རབ་སྐད་དུ་ཧ་ལ་ཞེས་བྲིས་ཡོད་པ་ནག་སུབ་བཏང་ཡོད་པར་མ་ཟད། ཟ་ཁང་དང་ཚོང་ཁང་ཁག་ཅིག་ལ་ཨ་རབ་སྐད་དུ་ཧ་ལ་ཞེས་བྲིས་ཡོད་པ་དེའི་ཚབ་ཏུ་རྒྱ་ཡིག་གི་ཆིང་ཀྲིང་ཞེས་བསྒྱུར་དུ་བཅུག་ཡོད་པ་མཐོང་ཐོས་བྱུང་འདུག རྒྱ་ནག་གི་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་དང་པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་མི་རིགས་དང་ཆོས་ལུགས་ལས་དོན་ལྷན་ཁང་གཉིས་ཀར་རོ་ཡེ་ཊར་གསར་འགྱུར་ལས་ཁང་གི་འདྲི་རྩད་བྱས་ཀྱང་ལན་འདེབས་མི་འདུག

༢༠༡༦་ནས་རྒྱ་ནག་གཞུང་གིས་ཨ་རབ་སྐད་དང་ཁ་ཆེའི་ཆོས་ལུགས་ཀྱི་མཚོན་རྟགས་འགོག་པའི་ལས་འགུལ་ཞིག་སྤེལ་རྒྱུ་མགོ་བརྩམས། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་ཁ་ཆེ་ཚོ་རྒྱ་ནག་གི་རིག་གཞུང་དང་རྒྱ་ཡིག་གི་ཤུགས་རྐྱེན་འོག་ལ་ཚུད་ཐུབ་པའི་ཤུགས་སྣོན་བརྒྱབ། རྒྱ་ནག་གཞུང་གིས་ཁ་ཆེའི་ཆོས་ལུགས་དང་ཨ་རབ་ཀྱི་རིག་གཞུང་གི་ཤུགས་རྐྱེན་འགོག་པའི་ལས་འགུལ་གྲས་སུ་དམིགས་པ་གཏོད་ས་གཙོ་བོ་ཞིག་ནི་དཀྱིལ་ཤར་ས་ཁུལ་གྱི་བཟོ་བཀོད་དང་ཨ་རབ་ཀྱི་སྐད་ཡིག་ཡིན་པ་སྟེ། རྒྱ་ནག་རྒྱལ་ཡོངས་སུ་རྒྱ་ནག་གི་བཟོ་བཀོད་ཀྱི་རྣམ་པ་ལྡན་པའི་ཁ་ཆེའི་ལྷ་ཁང་ཡོད་པ་རྣམས་བཤིག་པའམ། ཡང་ན་དེ་ལ་བདག་སྐྱོང་མ་བྱས་པར་ཨ་རབ་དང་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་ལྷ་ཁང་ཁག་གི་བཟོ་བཀོད་ཀྱི་རྣམ་པ་ལྡན་པ་གསར་བཞེང་། རྒྱ་ནག་གི་ཁ་ཆེའི་ས་ཁུལ་ཁག་ལ་ཨ་རབ་པའི་རིག་གཞུང་དང་སྐད་ཡིག་དར་སྤེལ་གཏོང་གི་ཡོད་པས་རྒྱ་ནག་གཞུང་གིས་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་ལྷ་ཁང་གི་བཟོ་བཀོད་ཀྱི་ཚབ་ཏུ་རྒྱ་ནག་གི་བཟོ་བཀོད་ཀྱི་རྣམ་པ་ལྡན་པའི་ལྷ་ཁང་རྣམས་གཅེས་འཛིན་བྱ་དགོས་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་ཁ་ཆེ་ཚོར་ཨ་རབ་སྐད་དང་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རིག་གཞུང་གི་ཤུགས་རྐྱེན་ཐེབས་ན་རྒྱ་ནག་གཞུང་གིས་ཁ་ཆེ་གྲངས་ཉུང་མི་རིགས་ལ་དབང་སྒྱུར་ཚུལ་བཞིན་བྱེད་མི་ཐུབ་པའི་བློ་འཚབ་བྱེད་ཀྱི་ཡོད་པ་ཤིན་ཏུ་གསལ། ཨ་རབ་སྐད་ཡིག་ནི་ཕྱིའི་སྐད་ཡིག་ཅིག་ཡིན་པ་དང་ཕྱི་རྒྱལ་གྱི་སྐད་ཡིག་དེའི་ཤེས་བྱ་རྣམས་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་མི་ཐུབ་པའི་དངངས་འཚབ་བྱེད་ཀྱིན་འདུག དོན་དངོས་སུ་ཨ་རབ་སྐད་ཡིག་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཆོས་སྐད་ཅིག་ཡིན་ཞིང་། རྒྱ་ནག་གཞུང་གིས་དེ་ལ་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད་འདུག པེ་ཅིང་གི་དབང་འཛིན་པ་ཚོས་ཁ་ཆེའི་ཆོས་ལུགས་རྒྱ་ཡིག་གིས་འཆད་ཁྲིད་བྱ་དགོས་པའི་ལྟ་ཚུལ་ཞིག་བཟུང་འདུག་ཅེས་བཤད།

རྒྱ་ནག་ལ་ཁ་ཆེའི་མི་འབོར་བྱེ་བ་༢་ལྷག་ཡོད་པའི་མང་ཆེ་བ་ནི་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུའུ་དང་ཉིང་ཤཱ་ཧོས་རིགས་རང་སྐྱོང་ཁུལ་བཅས་སུ་འདུས་སྡོད་བྱེད་ཡོད་ཅིང་། རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཁ་ཆེ་ཚོར་ཆོས་དད་རང་དབང་གི་ཐོབ་ཐང་ཡོད་ཅེས་འགན་ལེན་བྱེད་ཀྱི་ཡོད་ཀྱང་རྒྱ་ནག་གི་ཆོས་ལུགས་དད་མོས་རྣམས་དམར་ཤོག་ཚོགས་པའི་ལྟ་གྲུབ་ལ་མཐུན་དགོས། ༢༠༠༩་ལོར་ཞིན་ཅང་གི་ཡུ་གུར་བ་དང་རྒྱ་ནག་པ་རྣམས་འཁྲུག་རྩོད་བྱུང་ནས་བཟུང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་ཆེ་ཚོར་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་བཏགས་ནས་དྲག་གནོན་བྱ་རྒྱུ་འགོ་ཚུགས། ཞིན་ཅང་གི་ཡུ་གུར་བར་དྲག་གནོན་བྱས་པའི་ཞོར་དུ་རྒྱ་ནག་གཞུང་གིས་ས་གནས་གཞན་ཁག་གི་ཁ་ཆེ་ཚོ་ལའང་གནོན་སྡོམ་བྱ་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། པེ་ཅིང་གི་ཁ་ཆེའི་ཚོང་ཁང་བདག་པོ་ཁག་ཅིག་གིས་ཨ་རབ་སྐད་དུ་ཧ་ལ་ཞེས་བྲིས་ཡོད་པ་དེའི་ཚབ་ཏུ་རྒྱ་ཡིག་གི་ཆིང་ཀྲིང་ཞེས་འབྲི་དགོས་ཀྱང་ཁྱད་པར་མེད་ཅེས་དགག་པ་མེད་པའི་རྣམ་འགྱུར་བསྟན། ཧ་ལའི་ཤ་ཁང་ཞིག་གི་བདག་པོ་དང་ཤ་ཉོ་མཁན་ཞིག་གིས་ཧ་ལ་ཞེས་མ་བྲིས་ན་མི་རྣམས་མགོ་འཐོམ་རྒྱུ་རེད། རྒྱ་ནག་གཞུང་གིས་ཁ་ཆེའི་རིག་གཞུང་ནག་སུབ་གཏོང་གི་འདུག ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་མཐུན་སྒྲིལ་དང་རྒྱ་ནག་ནི་འཇིག་རྟེན་གྱི་ལྟེ་བ་ཡིན་ཟེར་གྱིན་འདུག འདི་ནི་མི་རིགས་མཐུན་སྒྲིལ་ཞིག་རེད་དམ་ཞེས་རྒྱ་ནག་གི་ལས་འགུལ་དེར་རྗེས་སུ་ཡི་རངས་མེད་པའི་རྣམ་འགྱུར་བསྟན།

རྒྱ་ནག་གཞུང་གིས་ཆོས་ལུགས་ལ་དམ་དྲག་བྱེད་ཀྱི་ཡོད་པ་ནི་ཁ་ཆེའི་ཆོས་ལུགས་ཁོ་ན་མིན་པར་ཆོས་ལུགས་གཞན་ལའང་དམ་དྲག་བྱེད་ཀྱི་ཡོད་པ་སྟེ། རྒྱ་ནག་གཞུང་ལ་ཐོ་འགོད་མ་བྱས་པའི་ཡེ་ཤུའི་ཆོས་དད་པ་ཚོར་དྲག་གནོན། རྒྱ་ནག་གི་སྤྱི་ཚོགས་སུ་གཞུང་གི་ཆོག་མཆན་མེད་པར་བཞེངས་པའི་ཡེ་ཤུའི་ལྷ་ཁང་ཁག་སྒོ་བརྒྱབ་པ་དང་གཏོར་བཤིག་བཏང་བ། ཡེ་ཤུའི་གསུང་རབ་རྣམས་མེར་སྲེག་བཏང་བ་དང་སྟོན་པ་ཡེ་ཤུའི་སྐུའི་མཚོན་རྟགས་རྒྱངས་ཤིང་བཅག་པ། ཐ་ན་རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་རྣམས་བཙོན་འཇུག་བྱས་ནས་ལོ་མང་གི་ཁྲིམས་ཐག་གཅོད་པ། ད་དུང་རྒྱ་ནག་གི་ནང་པའི་དགོན་སྡེ་ཁག་ཏུའང་རྒྱ་ནག་གི་སྐར་ལྔའི་རྒྱལ་དར་དམར་པོ་བསྒྲེང་དགོས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་གླུ་གཞས་ལེན་དགོས་པ། རྒྱ་ནག་གི་ཧ་ཤང་གྲྭ་བཙུན་ཚོས་མར་ཁེ་སི་རིང་ལུགས་ལ་སློབ་སྦྱོང་བྱ་དགོས་པ། ལྷག་པར་དུ་བོད་ཀྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ལ་འགོག་རྐྱེན་མེད་པར་བསླབ་པ་སློབ་གཉེར་བྱེད་དུ་མི་འཇུག་པ་དང་བོད་ཀྱི་དགོན་སྡེ་ཁག་ནི་ཡུལ་སྐོར་སྤྲོ་འཆམ་པའི་ལྟད་མོ་བལྟ་ཡུལ་ཞིག་ཏུ་བསྒྱུར། དེང་སྐབས་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གྲྭ་ཤག་རྣམས་གཏོར་བཤིག་བཏང་ནས་གྲྭ་བཙུན་རྣམས་ཕྱིར་ཕུད་གཏོང་གི་ཡོད་པ་དང་བོད་པའི་གྲྭ་བཙུན་ཚོར་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་གཏོང་གི་ཡོད་པ། བོད་པ་ལས་བྱེད་པ་དང་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཁ་འདོན་དགེ་སྦྱོར་དང་ཕྱག་འཚལ་སྐོར་སྦྱོང་སོགས་བྱེད་ཆོག་གི་མེད་པ། རྒྱ་ནག་གཞུང་གིས་བོད་ཕྲུག་ཚོར་རྒྱ་ཡིག་རྒྱ་སྐད་བསླབས་ནས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་རྒྱུའི་སྲིད་ཇུས་ཤིག་ཀྱང་ལག་ལེན་བསྟར་གྱི་ཡོད་པ་རེད།།

XS
SM
MD
LG