ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་དང་ཐེ་ཝན་གྱི་དམག་སྦྱོང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཉེ་ཆར་སྤྱི་ཟླ་༧་པའི་ཚེས་༢༨་ཀྱི་དགོང་མོ་ནས་ཚེས་༢༩་ཞོགས་པའི་བར་དུ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ཐེ་ཝན་གླིང་ཕྲན་དང་སྤྱི་ལེ་༤༠༠་ཡས་མས་ཤིག་ལས་མེད་པའི་མཚམས་སུ་དམག་སྦྱོང་ཞིག་བྱས་པས་ཐེ་ཝན་གྱིས་ཀྱང་དེ་ལ་ཡ་ལན་སློག་པའི་ཆེད་དུ་འཕེན་རྒྱང་རིང་ཐུང་གཉིས་ཀྱི་འཕུར་མདེལ་༡༡༧་བར་སྣང་དུ་འཕངས་ནས་དམག་སྦྱོང་ཞིག་བྱས་འདུག ཐེ་ཝན་གྱི་འཕེན་རྒྱང་རིང་བའི་འཕུར་མདེལ་རྣམས་སྤྱི་ལེ་༢༥༠་ཡས་མས་སུ་སྙོབ། ད་དུང་ཐེ་ཝན་གྱི་ཨེ་ཧྥུ་༡༦་རྟགས་ཅན་གྱི་དམག་གི་གནམ་གྲུ་རེ་ཟུང་ཡང་མཁའ་དབྱིངས་སུ་འཕུར་ནས་རྒྱ་ནག་ལ་རྒོལ་ལན་སློག་རྒྱུའི་དམག་སྦྱོང་བྱས་འདུག

རྒྱ་ནག་གི་ཀོང་ཏུང་མཚོ་ཐོག་ལས་དོན་ཁང་གིས་བཤད་པ་ལྟར་ན་རྒྱ་ནག་གི་དམག་དཔུང་གིས་ཧྥུ་ཅན་ཞིང་ཆེན་ཁོངས་ཀྱི་མཚོ་ཐོག་ཏུ་བདུན་ཕྲག་འདིའི་གཟའ་ཟླ་བའི་ཞོགས་པ་ནས་གཟའ་པ་སངས་ཀྱི་དགོང་མོའི་བར་དུ་དམག་སྦྱོང་གཞན་ཞིག་བྱེད་བཞིན་ཡོད་ཅིང་། དམག་སྦྱོང་དེར་ཐེ་ཝན་མཚོ་འགག་ཏུ་དམིགས་པའི་རྒྱ་ནག་གི་ཀྲེ་ཅང་དང་ཧྥུ་ཅན་ཞིང་ཆེན་དུ་བཀྲམ་པའི་དམག་སྡེ་ཁག་མཉམ་ཞུགས་བྱེད་བཞིན་ཡོད་ཅེས་བཤད།

ཉི་ཧོང་གི་རྒྱལ་སྲུང་ལྷན་ཁང་གིས་བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་དམག་གི་གནམ་གྲུ་༦་ཉི་ཧོང་གི་ཀོང་ཀུའུ་གླིང་ཕྲན་དང་ཉེ་སའི་མཚོ་རྒྱུད་ནས་འཕུར་སོང་། དེ་ནི་རྒྱ་ནག་གི་མཚོ་དམག་ལ་སྦྱོང་བརྡར་ཞིག་སྤྲོད་རྒྱུའི་ཆེད་དུ་གྲ་སྒྲིག་བྱེད་བཞིན་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ལྷོ་རྒྱ་ནག་ཞོགས་པའི་ཚགས་ཤོག་ཏུ་བཀོད། ༡༩༩༥་དང་༩༦་གི་བར་དེར་ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་གྱི་སྐབས་སུ་ཐེ་ཝན་གྱི་སྲིད་འཛིན་ལི་ཏིང་ཧུའི་གཞུང་འབྲེལ་མ་ཡིན་པར་ཨ་མི་རི་ཀའི་ཀོར་ནལ་སློབ་གྲྭ་ཆེན་མོར་ཕེབས་ནས་གཏམ་བཤད་གནང་བའི་སྐབས་སུ་རྒྱ་ནག་གཞུང་གིས་ཨ་རིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་དོགས་པ་བྱས་ཏེ་ཐེ་ཝན་མཚོ་འགག་ཏུ་མེ་ཤུགས་འཕུར་མདེལ་བརྒྱབ་ནས་དམག་སྦྱོར་བྱས་ཡོད་པ་རེད།

ལོ་དེའི་རྗེས་མ་དེར་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་སྐབས་སུ་རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་འགོག་ཏུ་དམག་སྦྱོང་བྱས་ཏེ་ཐེ་ཝན་གྱི་འོས་བསྡུ་ལ་གཏོར་བརླག་བྱ་སྲིད་པའི་དོགས་ཟོན་བྱས་ནས་ཐེ་ཝན་གྱིས་ཀྱང་རྒྱ་ནག་ལ་ལན་པ་སློག་པར་དམག་སྦྱོང་བྱས་འདུག ཨ་རིའི་གཞུང་གིས་སྐབས་དེར་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་པོ་ཞིག་བཏང་ནས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་བྱུང་ཞིང་། ད་ཐེངས་རྒྱ་ནག་གིས་ལོ་༢༠་ལྷག་གི་རྗེས་སུ་བསྐྱར་དུ་ཐེ་ཝན་དང་རྒྱང་ཁད་རིང་པོ་མེད་པའི་མཚམས་སུ་ས་གནས་ཁག་གཉིས་ལ་དུས་མཉམ་གྱི་དམག་སྦྱོང་ཐེངས་དང་པོ་བྱེད་ཀྱི་ཡོད་པར་མ་ཟད། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་དུས་རབས་གསར་བའི་རྒྱ་ནག་གི་རྒྱལ་སྲུང་ཅེས་མིང་བཏགས་ནས་རྒྱབ་ཤོག་དཀར་པོའི་ཡིག་ཆ་བཀྲམ།

ཡིག་ཆ་རྒྱབ་ཤོག་དཀར་པོའི་ནང་དུ་རྒྱ་ནག་གིས་ངེས་པར་དུ་ཐེ་ཝན་རྒྱ་ནག་གི་མངའ་ཁོངས་སུ་བསྡུ་རྒྱུ་ཡིན། རྒྱ་ནག་གི་ཁོངས་སུ་བསྡུ་བའི་ཐབས་ལམ་ནི་དམག་གིས་དྲག་གནོན་བྱ་རྒྱུ་དང་ཞི་བའི་གཅིག་གྱུར་བྱ་དགོས་པ་གཉིས་ཀ་ཚུད་ཡོད་ཅེས་བཀོད། ཡིག་ཆ་རྒྱབ་ཤོག་དཀར་པོ་བཏོན་ནས་ཉིན་གཅིག་གི་རྗེས་སུ་ཨ་རིའི་གཞུང་གིས་དམག་གྲུ་ཆེ་བ་ཞིག་ཐེ་ཝན་མཚོ་འགག་ཏུ་བཏང་ནས་རྒྱ་ནག་གི་རྒྱལ་སྲུང་སྲིད་ཇུས་ཞེས་པོའི་ཡིག་ཆ་རྒྱབ་ཤོག་དཀར་པོར་དགག་པ་བརྒྱབ། འདི་ནི་ཨ་མི་རི་ཀས་ཐེ་ཝན་ལ་ཆབ་སྲིད་ཕྱི་འབྲེལ་བཅས་ཀྱིས་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྦྱོང་དེས་མཚོ་འགག་ཕྱོགས་གཉིས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་ཕན་ཐོགས་མེད། དེ་ལས་ལྡོག་སྟེ་ཐེ་ཝན་གྱི་བདེ་འཇགས་དང་བརྟན་ལྷིང་ལ་གཏོར་བརླག་ཚབས་ཆེན་གཏོང་གི་འདུག ཐེ་ཝན་གྱི་ངོས་ནས་རང་གི་ཉེ་འཁྲིས་ཀྱི་མཚོ་ཁོངས་སུ་གནས་ཚུལ་ཅི་ཞིག་འབྱུང་གི་ཡོད་མེད་ལ་ལྟ་རྟོག་བྱེད་ཀྱི་ཡོད། ང་ཚོར་ཐེ་ཝན་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་ཅེས་བཤད་འདུག

XS
SM
MD
LG