ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་ཅིན་ཕིང་གི་གྲོགས་མཆོག་ཕུ་ཀྲིན།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་གྲོགས་པོ་མཆོག་ཏུ་གྱུར་པ་དེར་གྱུར་ནས་པེ་ཅིང་དང་མོ་སི་ཀོའི་འབྲེལ་བ་སྔར་ལས་ཕྱོགས་གང་ཐད་དུ་ཡར་རྒྱས་འགྲོ་བཞིན་ཡོད་པས་ཨེ་ཤི་ཡའི་ཤར་ཕྱོགས་སུ་ཨ་མི་རི་ཀའི་ཤུགས་རྐྱེན་ཉམས་སྲིད་པའི་ཉེན་ཀ་ཆེ། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་ལ་མཚོན་ན་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ཡར་རྒྱས་འགྲོ་བཞིན་པ་ནི་མཐོང་འདོད་མེད་པའི་འགྱུར་ལྡོག་ཅིག་ཡིན། ཐ་ན་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བར་ཨ་མི་རི་ཀ་དངངས་སྐྲག་ལང་དགོས་པ་ཞིག་ཀྱང་ཡིན་སྲིད། ༡༩༧༢་ལོར་ཨ་རིའི་སྲིད་འཛིན་༣༧་པ་རི་ཆར་ཌི་ནིཀ་སིན་གྱིས་རྒྱ་ནག་ལ་འབྲེལ་བ་བཙུགས་ནས་ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བར་འགལ་ཟླ་བསླངས། མངའ་ཁུལ་དེའི་དམག་དོན་འཐབ་ཇུས་ཀྱི་སྟོབས་ཤུགས་ཆ་མཉམ་དུ་བསྒྱུར་ནས་ཨ་མི་རི་ཀར་ཁེ་ཕན་ཡོད་པའི་འབྲེལ་བ་ཞིག་ཚུགས། དེ་ནས་བཟུང་སྟེ་རྒྱ་ནག་གི་ཕྱི་འབྲེལ་ལས་དོན་ནང་དུ་ཨ་མི་རི་ཀ་དང་རྒྱ་ནག་གི་འབྲེལ་བ་ཨང་དང་པོར་བཟུང་བས་ཨུ་རུ་སུའི་སྟོབས་ཤུགས་ཁྱབ་ཐུབ་མེད། འོན་ཀྱང་ཉམས་ཞིབ་པ་མང་པོ་ཞིག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འགལ་རྐྱེན་བསླངས་ནས་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་ཡར་རྒྱས་བཏང་ནས་ཨ་མི་རི་ཀར་ཁ་གཏད་ཀྱི་སྟོབས་ཤུགས་གསར་པ་ཞིག་འཛུགས་ཐུབ་སྲིད་པའི་ཉེན་ཀ་འདུག འོན་ཀྱང་རྒྱ་ནག་གིས་ཨ་མི་རི་ཀར་འབྲེལ་བ་བཙུགས་ནས་ཁེ་ཕན་ཐོབ་པ་རྣམས་བློས་བཏང་ནས་ཨུ་རུ་སུ་ལ་འབྲེལ་བ་འཛུགས་རྒྱུ་ཡིན་མིན་སོགས་དཔྱད་ཞིབ་དང་གླེང་སློང་བྱ་དགོས་པའི་གནད་དོན་ཞིག་ཏུ་གྱུར་འདུག

གལ་སྲིད་ཕུ་ཀྲིན་གྱིས་རྒྱ་ནག་བློ་ཁ་བསྒྱུར་ནས་རང་ཕྱོགས་སུ་བཀུག་ན་ཨ་མི་རི་ཀས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་ལམ་ལུགས་དེ་ཉིད་མགོ་རྟིང་སློག་སྲིད་ཅེས་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གི་འཐབ་ཇུས་ཞིབ་འཇུག་བགྲོ་གླེང་ཞིག་གི་སྐབས་སུ་གླེང་སློང་བྱུང་འདུག རྒྱ་ནག་དང་ཨུ་རུ་སུ་གཉིས་སྟོབས་ཤུགས་མཉམ་འབྲེལ་ཟེར་པ་ནི་སྐད་ཆ་གསར་པ་ཞིག་མིན་རུང་ཉེ་དུས་ཤིག་ནས་ཨ་རིའི་རྒྱལ་སྲུང་ལྷན་ཁང་དུ་གནད་དོན་དེར་དོ་སྣང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སྟེ། བདུན་ཕྲག་སྔོན་མར་ཉི་ཧོང་གི་མཚོ་ཁོངས་སམ། ཤར་མཚོའི་ནང་དུ་རྒྱ་ནག་དང་ཨུ་རུ་སུའི་གནམ་དམག་གིས་ཆེས་ཐོག་མར་མཉམ་འབྲེལ་དམག་སྦྱོང་བྱས་ནས་ཐག་རིང་དུ་འཕུར་ཐུབ་པའི་མདེལ་འཕེན་གནམ་གྲུ་དང་གསང་ཉུལ་གྱི་གནམ་གྲུ་བཏང་ནས་སྐོར་གཡེང་བྱས་འདུག ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་རང་ངོས་ནས་འཐབ་འཛིང་གནམ་གྲུ་བཏང་ནས་རང་རང་གི་མཁའ་དབྱིངས་མངའ་ཁོངས་ལ་སིམ་འཛུལ་བྱས་སོང་ཞེས་འགོག་རྒོལ་བྱེད་དུ་བརྒྱུགས་ཀྱང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀས་སྐྱོན་འཛུགས་དེར་ངོས་ལེན་མ་བྱས་པ་དང་ལྷོ་ཀོ་རི་ཡའི་གནམ་དམག་གིས་མདེའུ་༤༠༠་ལྷག་བརྒྱབ་ནས་ཉེན་བརྡ་བཏང་འདུག ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་ནི་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀར་འབྲེལ་བ་བཟང་པོ་མེད་པའི་སྐབས་འདིར་པེ་ཅིང་དང་མོ་སི་ཀོའི་དམག་དོན་དང་དཔལ་འབྱོར། ཚོང་ལས་དང་ཕྱི་འབྲེལ་བཅས་པ་ཕྱོགས་གང་ཐད་དུ་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་དོགས་ཟོན་བྱ་དགོས་ཞིག་ཏུ་གྱུར།

སྔོན་ཆད་རྒྱ་ནག་གིས་འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དེར་བཟང་ཆ་དང་འགྲན་སྡུར་གྱི་དགོས་མཁོ་ཞིག་ཡིན་པའི་ལྟ་ཚུལ་བཟུང་རུང་ཉེ་དུས་ཤིག་ནས་རྒྱ་ནག་གི་སྟོབས་ཤུགས་ཨ་མི་རི་ཀའི་ཁ་གཏད་དང་ཨ་མི་རི་ཀར་ཉེན་ཀ་ཞིག་ཡིན་པའི་ལྟ་ཚུལ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། དཔེར་ན་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ཕལ་ཆེ་བ་དམག་དོན་ལྟེ་གནས་ཤིག་ཏུ་སྒྱུར་གྱི་ཡོད་པ་དང་ཐེ་ཝན་ལ་དམག་གི་སྡིགས་ར་སྐུལ་བཞིན་པ། ཧོང་ཀོང་གི་ངོ་རྒོལ་ལ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བཏང་ནས་ཞོད་འཇགས་གཏོང་རྒྱུའི་ཉེན་བརྡ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་དང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་སོང་བ་སྟེ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་བཟང་པོ་མེད་པ། ཨ་རིའི་༢༠༡༦་ལོའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུའི་གཞུང་གིས་ཐེ་གཏོགས་བྱས་ནས་སི་རི་ཡའི་ནང་འཁྲུག་ལ་རྒྱབ་སྐྱོར། ཡུཀ་རེན་གྱི་ས་ཆ་བཙན་འཕྲོག་དང་ཝྭེ་ནེ་ཛུ་ལའི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པས་ཝ་ཤིང་ཊོན་དང་མོ་སི་ཀོ་གཉིས་ཁ་དགྲ་གཏད་དུ་གྱུར། ལྷག་པར་དུ་ཨ་མི་རི་ཀ་དང་ཨུ་རུ་སུ་གཉིས་ཀྱིས་སླར་ཡང་རྡུལ་ཕྲན་མཚོན་ཆའི་འགྲན་བསྡུར་བྱ་རྒྱུ་འགོ་ཚུགས་ནས་ཨ་མི་རི་ཀ་ནི་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀར་འབྲེལ་བ་བཟང་པོ་མེད།

རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་མཚོན་ན་ཕྱོགས་གཉིས་ཀ་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དར་ཡོད་པ་དང་ཟླ་བ་སྔོན་མར་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་མོ་སི་ཀོར་སྣེ་ལེན་གཟབ་རྒྱས་ཞུས། ཁོ་ཚོས་ལོ་༣༠་ཐམ་པར་རྒྱ་ནག་དང་ཨུ་རུ་སུའི་ཚོང་ལས་ཡར་རྒྱས་ཕྱིན་པའི་གྲུབ་འབྲས་ལ་དགའ་སྟོན་བྱས་ནས་ཨུ་རུ་སུའི་གཞུང་གིས་རྒྱ་ནག་ལ་ཆེས་དེང་རབས་ཅན་གྱི་མེ་ཤུགས་འཕུར་མདེལ་འགོག་སྲུང་ཨེ་སི་༤༠༠་རྟགས་ཅན་གྱི་འཕུར་མདེལ་དང་སཱུ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུའི་གྲོས་མཐུན་བྱུང་། ད་དུང་དེའི་ཁར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་འབྲེལ་དམག་སྦྱོང་བྱ་རྒྱུ་ཤུགས་ཇེ་ཆེ་དང་རྒྱ་ཇེ་ཆེར་བཏང་བར་མ་ཟད། ༢༠༡༣་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་ཐེངས་༣༠་ཡས་མས་ཤིག་བྱས་ཡོད་པས་ཞིས་ཅིན་ཕིང་གིས་ཕུ་ཀྲིན་ནི་ངའི་གྲོགས་པོ་མཆོག་ཏུ་གྱུར་པ་དེ་ཡིན་ཞེས་བསྒྲགས། འདི་ནི་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་འབའ་ཞིག་གིས་བློ་འཚབ་བྱ་དགོས་པ་ཞིག་མིན་པར་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཡོད་དོ་ཅོག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ཐེ་ཝན། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི་སོགས་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཀུན་པོས་བློ་འཚབ་བྱ་དགོས་པ་ཞིག་ཏུ་གྱུར་འདུག

ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་བྱས་ཀྱང་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཐུབ་མེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡར་རྒྱས་བཏང་བའི་རྐྱེན་གྱིས་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡག་ཏུ་སོང་། དེང་སྐབས་ཨེ་ཤི་ཡའི་ཨ་མི་རི་ཀའི་མཐུན་གྲོགས་གཙོ་བོ་ཉི་ཧོང་དང་ལྷོ་ཀོ་རི་ཡའི་འབྲེལ་བ་བཟང་པོ་མེད་པར་ནུས་པ་གཅིག་ཏུ་བསྒྲིལ་མི་ཐུབ་པ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་དང་ལྷོ་ཀོ་རི་ཡ་དང་ཉི་ཧོང་གིས་བདེ་འཇགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་གཏོང་གི་མེད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པས་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀས་ཨ་མི་རི་ཀ་སྔར་བཞིན་བློ་གཏད་བཅོལ་ཡུལ་དུ་བཟུང་ན་བརྟན་པོ་ཡིན་མིན་གྱི་བློ་དོགས་ཡོང་གི་ཡོད་པ། ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡག་ཏུ་བཏང་ནས་ཞི་བདེ་བསྐྲུན་ཐབས་བྱས་པ་དེ་ལའང་གྲུབ་འབྲས་མེད་པ། ཨ་མི་རི་ཀས་འགོ་ཁྲིད་ཡག་པོ་ཞིག་བྱེད་ཐུབ་ཀྱི་མེད་པའི་སྟབས་ཀྱིས་ཧྥི་ལི་ཕིན་གྱི་གཞུང་གིས་རྒྱ་ནག་ལ་ཉ་འཛིན་ཐོབ་ཐང་དང་མངའ་ཁོངས་རྩོད་ལེན་གྱི་འགལ་ཟླ་ཐག་གཅོད་བྱེད་པའི་གྲོས་མཐུན་འཇོག་དགོས་ཐུག་པ་དང་། ད་ལྟ་གཞུང་འབྲེལ་གྱི་ཁྱབ་བསྒྲགས་མ་བྱས་ཀྱང་ཁེམ་བྷོ་ཌི་ཡའི་ས་ཐོག་ཏུ་རྒྱ་ནག་གི་དམག་སྒར་ཚུགས་ཆོག་པའི་མོས་མཐུན་བྱས་ཡོད་པའི་སྐད་ཆ་སྒྲོགས་གི་ཡོད་པ་རེད།།

XS
SM
MD
LG