ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་ཟིང་ཆ་ནུབ་ཕྱོགས་པས་བསླངས་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གི་ཧོང་ཀོང་དམིགས་བསལ་ཁུལ་དང་ཨོ་མེན་དམིགས་བསལ་ས་ཁུལ་གཉིས་ཀྱི་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་དབྱང་གྭོང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཁ་སྔོན་ཕྱི་ཟླ་༦་པ་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་གླེང་། མགྲིན་ཚབ་པ་དབྱང་གྭོང་གིས་ནུབ་ཕྱོགས་པའི་མི་ཁག་ཅིག་གིས་ངན་སྐུལ་བྱས་ནས་ཧོང་ཀོང་ལ་ཟིང་འཁྲུག་སློང་གི་འདུག ཁོ་ཚོས་ཧོང་ཀོང་གི་དྲག་ཟིང་ལ་བཟོད་སྒོམ་དང་ཉེན་རྟོག་པས་ཟིང་འཁྲུག་ཞོད་འཇགས་ལ་ཁ་རྡུང་གཏོང་གི་ཡོད་པ་ནི་རིགས་ལམ་ལ་མི་མཐུན་པའི་ལངས་ཕྱོགས་ཁྱད་མཚར་ཞིག་རེད། མི་དེ་ཚོས་ཧོང་ཀོང་ལ་ཟིང་འཁྲུག་བསླངས་ནས་རྒྱ་ནག་གི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་འགོག་པར་ཧོང་ཀོང་རྒྱ་ནག་གི་དཀའ་ངལ་ཞིག་ལ་བསྒྱུར་རྒྱུའི་ངན་སེམས་འཆང་ཡོད་པར་མདུན་ལམ་མེད། ཅིའི་ཕྱིར་ཞེ་ན་རྒྱ་ནག་གིས་ཕྱི་ལོགས་ཀྱི་ཐེ་གཏོགས་ལ་ནམ་ཡང་བཟོད་སྒོམ་བྱ་མི་སྲིད་ཅེས་གསར་འགོད་པ་ཚོར་བཤད་འདུག

དབྱང་གྭོང་གིས་ཧོང་ཀོང་གི་ངོ་རྒོལ་དེའི་རྒྱབ་ལོགས་སུ་རྒྱལ་ཁབ་འདི་དང་ནུབ་ཕྱོགས་པའི་སྐྱེ་བོ་དེ་དང་དེ་ཡོད་ཅེས་ངོས་བཟུང་ནས་མིང་འབོད་བྱས་མེད་ཅིང་། ད་ལོའི་ཕྱི་ཟླ་༦་པའི་མགོ་སྟོད་ནས་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བའམ། ཡང་ན་དོགས་ཅན་རྣམས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་པའི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་བཏོན་ནས་བཟུང་། ཧོང་ཀོང་མི་དམངས་ས་ཡ་མང་པོས་ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་ཞིག་བྱ་རྒྱུ་འགོ་ཚུགས། མཐར་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་གཞི་དེ་ཕྱིར་བསྡུ་བྱས་ནས་གྲོས་བསྡུར་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ཀྱང་ཧོང་ཀོང་མི་མང་གི་ངོ་རྒོལ་ལས་འགུལ་མཚམས་ཆད་ཀྱི་མེད་པ་སྟེ། ཁ་སང་གཟའ་ཉི་མའི་ཉིན་ཧོང་ཀོང་མི་དམངས་ཀྱིས་ས་གནས་ཁག་འགའ་ཞིག་ཏུ་ངོ་རྒོལ་བྱས་ནས་རྒྱ་ལམ་བཀག་པ་༢༠༡༤་ལོའི་དམངས་གཙོའི་ལས་འགུལ་གྱི་མཚོན་དོན་ཉི་གདུགས་བཟུང་ནས་ཁྲོམ་སྐོར་ལ་ཞུགས། ཧོང་ཀོང་གི་ཉེན་རྟོག་པས་སླར་ཡང་མི་ཚོགས་ཁྲོད་དུ་མཆི་སྦྱིན་དུག་རླངས་གཏོར་པ་དང་འགྱིག་གི་མདེའུ་བརྒྱབ་ནས་མི་ཚོགས་ཁ་གཏོར་གཏོང་ཐབས་བྱས་པས་མདང་དགོང་གི་ངོ་རྒོལ་སྐབས་སུ་ཧོང་ཀོང་གི་ཉེན་རྟོག་པས་མི་༤༩་འཛིན་བཟུང་དང་ཕྱོགས་གཉིས་རྒོལ་འཛིང་ཐུག་ནས་མི་༡༦་ལ་རྨས་སྐྱོན་ཕོག ཧོང་ཀོང་གི་ཚོང་ལས་མཐུན་ཚོགས་ཁག་གི་འགོ་ཁྲིད་ཚོས་ཧོང་ཀོང་ས་གནས་སྲིད་གཞུང་ལ་མི་མང་གི་ངོ་རྒོལ་དེའི་འབྱུང་རྩ་ནི་ཧོང་ཀོང་ལ་ཆབ་སྲིད་ཀྱི་དཀའ་ངལ་ཞིག་འཕྲད་ཡོད་པ་དེར་ཐུག་ཡོད་པས་གནད་དོན་དེ་རྩ་བའི་ཆ་ནས་ཐག་གཅོད་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

ལོ་ལྔའི་གོང་ནས་ཧོང་ཀོང་གི་ན་གཞོན་དང་ཤེས་ཡོན་ཅན། རང་དབང་དང་དམངས་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམངས་གཙོའི་འོས་འདེམས་བྱེད་དུ་འཇུག་དགོས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་ཐལ་དྲགས་ཀྱི་འདུག་ཅེས་ངོ་རྒོལ་བྱས་ཀྱང་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོ་མི་མང་ལ་དམངས་གཙོའི་ལམ་ནས་འོས་འདེམས་བྱེད་དུ་མ་བཅུག་པ་དང་། ཧོང་ཀོང་གི་དམངས་གཙོ་ཚོགས་པ་དང་ན་གཞོན་གྲོས་ཚོགས་འཐུས་མི་རྣམས་ཀྱང་ཧོང་ཀོང་གི་གྲོས་ཚོགས་ནས་ཕྱིར་ཕུད་བྱས་ཡོད་པས་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེའི་ན་གཞོན་ཚོར་ཕོག་ཐུག་ཆེན་པོ་བཏང་ཞིང་། ཧོང་ཀོང་གི་ངོ་རྒོལ་བ་ཚོས་ཉེན་རྟོག་པས་མེ་མདའ་བརྒྱབ་པར་ངོ་རྒོལ་ཡོད། ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་རང་གི་ལས་གནས་ནས་གནང་བ་ཞུ་དགོས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་འཛིན་སྐྱོང་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པ་མཚམས་འཇོག་དགོས་ཞེས་ཧོང་ཀོང་ས་གནས་གཞུང་དང་ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་དབུས་གཞུང་གི་སྐུ་ཚབ་དོན་གཅོད་ཁང་གི་སྒོ་འགྲམ་དུ་བརྒྱུགས་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

ཧོང་ཀོང་གི་ངོ་རྒོལ་ལ་གཅིག་གྱུར་གྱི་འགོ་ཁྲིད་དང་ཁ་ཕྱོགས། མཐར་ཐུག་གི་དམིགས་ཡུལ་དང་དགོས་འདུན་སོགས་གསལ་པོ་ཞིག་མེད་པ་སྟེ། ན་གཞོན་ཁག་ཅིག་གིས་ཧོང་ཀོང་རང་བཙན་བྱ་དགོས་ཟེར་པ་དང་མི་ཁག་ཅིག་གིས་སྲིད་སྐྱོང་ཁེ་རི་ལམ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་པའི་སྐད་འབོད་བྱེད་ཀྱི་ཡོད་པར་མ་ཟད། མི་ཁག་ཅིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧོང་ཀོང་གི་འཛིན་སྐྱོང་ལ་ཐེ་གཏོགས་བྱ་རྒྱུ་ལོ་རེ་བཞིན་དུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། ཧོང་ཀོང་གི་ན་གཞོན་ཁག་ཅིག་གིས་ལས་འགུལ་དེར་ཁ་ཕྱོགས་དང་གཅིག་གྱུར་གྱི་འགོ་ཁྲིད་མེད་པར་རྒྱུ་མཚན་ཡོད། ང་ཚོས་འཇབ་དམག་ལྟར་གང་ས་གང་དུ་ངོ་རྒོལ་བྱས་ན་ཧོང་ཀོང་གི་ཉེན་རྟོག་པའི་སྟོབས་ཤུགས་ཁ་གཏོར་གཏོང་ཐུབ་པའི་དགེ་མཚན་འདུག་ཅེས་བཤད། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཟིང་འཁྲུག་ཞོད་འཇགས་མ་སོང་བར་རྒྱུན་འཁྱོངས་བྱེད་ན་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་མི་དམངས་བཅིངས་འགྲོལ་དམག་བཏང་ནས་བདེ་འཇགས་སྲུང་སྐྱོབ་བྱེད་ཆོག་ཅེས་ཉེན་བརྡ་བཏང་རུང་ཧོང་ཀོང་གི་གཞུང་འབྲེལ་མི་སྣ་ཟུར་པ་དང་ཚོང་ལས། སྤྱི་ཚོགས་ཀྱི་གནད་ཡོད་མི་སྣ་ཁག་གིས་ཧོང་ཀོང་ལ་མི་དམངས་བཅིངས་འགྲོལ་དམག་གཏོང་རྒྱུ་དེར་དགེ་མཚན་མེད་ཅེས་བཤོལ་བ་བཏབ་ཀྱང་ཧོང་ཀོང་གི་ངོ་རྒོལ་འདི་ས་གནས་གཞུང་གིས་ཐག་གཅོད་ཡག་པོ་ཞིག་མ་བྱུང་ན་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དམག་གཏོང་སྲིད་པའི་ཉེན་ཀ་ཡོད་པ་རེད།

ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱིས་ངོ་རྒོལ་དང་སྤྱི་ཚོགས་ཀྱི་ཟིང་ཆ་དེས་ཚོང་ལས་ལ་གྱོང་གུད་ཐེབས་ཀྱི་འདུག ད་ལྟ་ཧོང་ཀོང་ནི་སྔར་བཞིན་ཚོང་ལས་གཉེར་ས་གྲོང་ཁྱེར་བརྟན་པོ་ཞིག་ཡིན་མིན་ཐེ་ཚོམ་རེད། ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་ཀྱིས་ཕུགས་རྒྱང་རིང་པོར་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་ཚོང་ལས་གཉེར་ཐུབ་རྒྱུ་ཡིན་མིན་དང་ཧོང་ཀོང་ནས་རྒྱལ་ཁབ་གཞན་ལ་སྤོར་དགོས་མིན་སོགས་ཀྱི་བསམ་ཞིབ་གཟབ་ནན་བྱ་དགོས་ཐུག་གི་འདུག་ཅེས་གསར་འགོད་པ་ཚོར་བཤད། དེང་སྐབས་ཧོང་ཀོང་གི་ས་ཐོག་ཏུ་ཨ་མི་རི་ཀའི་ཚོང་པ་༡༤༠༠་ལྷག་ཡོད་པ་དེ་ཚོར་ཕྱི་ཟླ་༧་ཚེས་༢༣་ནས་ཚེས་༢༥་བར་དུ་སྐད་ཆ་དྲིས་པ་ལྟར་ན་ཨ་རིའི་ཚོང་པ་བརྒྱ་ཆ་༡༢་ལྷག་གིས་ཧོང་ཀོང་གི་ངོ་རྒོལ་འདིར་རྒྱལ་སྤྱིའི་ཡིད་ཆེས་འཕེར་བའི་རང་བཙན་གྱི་ཚོགས་པ་ཞིག་གིས་ཞིབ་འཇུག་བྱ་དགོས། སྲིད་སྐྱོང་ཁེ་རི་ལམ་གྱིས་ཧོང་ཀོང་དམིགས་བསལ་ས་ཁུལ་དེར་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་ནམ་ཡང་གཏན་འབེབས་བྱ་རྒྱུ་མིན་པའི་ཁས་ལེན་བྱ་དགོས། ཧོང་ཀོང་མི་དམངས་ལ་བློ་འཚབ་ཡོད་པ་སེལ་ཐབས་བྱ་དགོས་ཀྱིན་འདུག རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་ཧོང་ཀོང་གྲོང་ཁྱེར་དེ་རྒྱལ་སྤྱིའི་ཚོང་ལས་ལྟེ་གནས་མཆོག་ཏུ་གྱུར་པ་ཞིག་ཡིན་པའི་གནས་བབ་དེ་ཉིད་སླར་གསོ་བྱ་དགོས་ཞེས་འབོད་སྐུལ་ཞུས། ད་ལྟ་ཨ་མི་རི་ཀའི་ཚོང་ལས་མཐུན་ཚོགས་གཅིག་པུ་མིན་པར་རྒྱལ་ཁབ་གཞན་གྱི་ཚོང་པ་ཚོས་ཀྱང་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་སྔར་བཞིན་ཚོང་ལས་གཉེར་དགོས་མིན་གྱི་བསམ་ཞིབ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG