ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་མི་རི་ཀར་རྒྱ་ནག་གི་གསང་ཉུལ་གྱི་དཀའ་ངལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་རཱེ་ཡིས་ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་ཉན་ཞིབ་ཚོགས་འདུ་ཞིག་གི་སྐབས་སུ་རྒྱ་ནག་སྲིད་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པས་ཨ་མི་རི་ཀའི་རིག་དངོས་རྐུ་འཁྱེར་དང་གསང་བའི་གནས་ཚུལ་མཁོ་སྒྲུབ་ཀྱིས་རྒྱ་ནག་སྲིད་གཞུང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པར་ཨ་མི་རི་ཀ་རྒྱལ་ཡོངས་ཀྱི་གཞུང་འབྲེལ་མི་སྣ་ཁག་དང་སྒེར་གྱི་སྒྲིག་འཛུགས་འདྲ་མིན་ཞིག་རྩ་འཛུགས་བྱས་ནས་འགོག་རྒོལ་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། སྐུ་ཞབས་རཱེ་ཡིས་རྒྱ་ནག་སྲིད་གཞུང་གིས་ཨ་མི་རི་ཀའི་རིག་དངོས་ཀྱི་གསང་བ་རྐུ་འཁྱེར་བྱ་རྒྱུར་ཨ་མི་རི་ཀའི་གཙུག་ལག་སློབ་གྲྭ་ཁག་གི་ནང་དུ་ཚན་རིག་སོགས་ཀྱི་ཉམས་ཞིབ་སློབ་གཉེར་བྱ་རྒྱུར་རྒྱ་རིགས་དེ་རྣམས་བཀོལ་སྤྱོད་བྱེད་ཀྱིན་འདུག་ཅེས་བཤད། འདི་ནི་སྐུ་ཞབས་རཱེ་གཅིག་པུ་མ་ཡིན་པར་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་གིས་ཀྱང་ཨ་མི་རི་ཀའི་མཐོ་རིམ་སློབ་གཉེར་ཁང་དེ་དག་གི་ཆེས་གསང་བའི་གནས་ཚུལ་རྣམས་སྲུང་སྐྱོབ་བྱ་རྒྱུར་དོ་ཁུར་ཆེ་ཙམ་ལེན་དགོས་པའི་དགོངས་ཚུལ་ཤུགས་ཆེན་བཏོན་བྱས་འདུག སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཇཱོན་ཁེ་ཎི་ཌིས་ཨ་མི་རི་ཀའི་མཐོ་སློབ་མང་པོ་ཞིག་གིས་གནས་ཚུལ་འདི་ཤེས་རྟོགས་ཐུབ་མེད་པའམ་ ཡང་ན་མཐོ་སློབ་དེ་དག་གིས་སློབ་ཕྲུག་ཚོའི་སློབ་ཡོན་གྱི་ཡོང་འབབ་གལ་ཆེར་བརྩིས་ནས་རྒྱ་ནག་ལྟ་བུས་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པར་དོ་སྣང་བྱེད་ཀྱི་མེད་པ་འདྲ་ཞེས་བརྗོད། ཨ་མི་རི་ཀའི་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་རཱེ་ཡིས་རྒྱ་ནག་གིས་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཆེ་ཁག་དང་ཚོང་ལས་ཁང་གསར་པ་ཁག་ཐེ་བའི་འཕྲུལ་རིག་བཟོ་ཚོང་གི་སྡེ་ཚན་ཚང་མའི་ནང་དུ་བྱ་ཐབས་འདྲ་མིན་བརྒྱུད་ནས་སིམ་འཛུལ་གྱིས་གསང་བ་རྐུ་འཁྱེར་བྱེད་ཀྱི་འདུག་ཅེས་བསྟན། འདི་ཙམ་ན་ཨ་མི་རི་ཀའི་མཐོ་རིམ་སློབ་གྲྭ་ཁག་གི་ཚན་རིག་དང་འཕྲུལ་ལས་རིག་རྩལ་སོགས་ཀྱི་སློབ་ཚན་འདྲ་མིན་གྱི་ཉམས་ཞིབ་པ་རྣམས་བརྒྱུད་ནས་རྒྱ་ནག་སྲིད་གཞུང་གིས་གསང་བ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐེར་འདོན་བྱུང་པའི་རྗེས་སུ་མཐོ་སློབ་ཁག་དང་ཨ་རིའི་གཞུང་གིས་རྒྱ་ནག་གཙོས་ཕྱི་རྒྱལ་གྱི་སློབ་ཕྲུག་ཚོར་དོགས་ཟོན་དང་དམ་དྲག་ཇེ་ཆེར་ཕྱིན་པའི་མཇུག་འབྲས་སུ་ཉེ་ལམ་རྒྱ་ནག་ནས་ཨ་མི་རི་ཀར་མཐོ་རིམ་སློབ་གཉེར་ཆེད་དུ་ཡོང་མཁན་སློབ་ཕྲུག་ཚོར་ཐོངས་མཆན་འཐོབ་རྒྱུ་དེར་འགོར་འགྱངས་ཆེ་བ་སོགས་ཀྱི་དཀའ་ངལ་རིམ་པ་ཞིག་འཕྲད་ཀྱི་ཡོད་པ་རེད། ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་མི་གཞིས་ཆགས་དང་མི་དམངས་གནད་དོན་ཁྲིམས་ཞིབ་ཚོགས་ཆུང་གི་འཐུས་མི་སྟེ། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཟོ་ཨེ་ལོ་ཧྥོབ་གྷ་རེན་གྱིས་ཉེ་ཆར་བསླབ་པ་མཐར་སོན་བྱུང་བའི་རྒྱལ་སྤྱིའི་སློབ་ཕྲུག་རྣམས་གནས་སྐབས་རིང་ཨ་མི་རི་ཀར་གནས་སྡོད་དང་ལས་ཀ་བྱེད་ཆོག་པའི་སྦྱོང་བརྡར་སློབ་ཚན་ཞིག་བཙུགས་ནས་ཕྱི་རྒྱལ་གྱི་སློབ་ཕྲུག་མང་པོ་ཞིག་ལ་ཐོངས་མཆན་འཐོབ་རྒྱུར་ཟླ་བ་མང་པོའི་འགོར་འགྱངས་དང་འགོག་རྐྱེན་འཕྲད་ཡོད་པ་རེད། དེར་བརྟེན་ཀོ་ལིམ་བྷི་ཡ་དང་འཇོར་ཇཱི་ཊོང་སོགས་ཨ་མི་རི་ཀའི་མཐོ་རིམ་སློབ་གྲྭ་ཆེ་གྲས་༡༠༠་ལྷག་གིས་རྒྱལ་སྤྱིའི་རིག་གནས་དང་སྤྱི་དམངས་སྲིད་ཇུས་སོགས་ཀྱི་སློབ་ཚན་ཁག་རྒྱ་བསྐྱེད། ཕྱི་རྒྱལ་བའི་སློབ་ཕྲུག་ཚོར་གོ་སྐབས་སྤྲོད་དགོས་པའི་འབོད་སྐུལ་གསལ་བསྒྲགས་ཤིག་བཀྲམ། དེ་བཞིན་ཕྱོགས་འགའ་ཞིག་གིས་དེང་སྐབས་རྒྱ་ནག་གི་སློབ་གཉེར་བ་ཚོར་དོགས་ཟོན་དང་དམ་དྲག་བྱེད་དོན་ནི་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་གཞུང་གིས་དུས་ཡུན་རིང་པོར་ཨ་མི་རི་ཀ་དང་རྒྱ་ནག་གི་དཔལ་འབྱོར་དང་ ཚོང་ལས། རྒྱལ་སྲུང་དང་དམག་དོན་གྱི་ཤུགས་རྐྱེན་ནང་དུ་རྒྱ་རིགས་སློབ་གཉེར་བ་དང་ཤེས་ཡོན་ཅན། ཆེད་ལས་མི་སྣ་ཁག་ལ་དཀའ་རྙོག་འདི་དག་འཕྲད་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་ཨ་མི་རི་ཀས་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་གྱི་ནུས་པར་འགོག་རྐྱེན་བྱ་རྒྱུའི་དོན་དུ་གསང་ཉུལ་གྱི་གནད་དོན་འདིར་ལན་ཁག་དཀྲི་ཡི་ཡོད་པའི་སྐྱོན་བརྗོད་བྱས་པ་དང་། ཡང་ཨུ་རུ་སུའི་གཞུང་གིས་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཐེ་གཏོགས་བྱས་པར་ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་རཱེ་ཡིས་ཨ་མི་རི་ཀའི་གཞུང་གིས་དཔལ་འབྱོར་དམ་དྲག་དང་བྱ་ཐབས་འདྲ་མིན་ལག་ལེན་བསྟར་བཞིན་པར་ལྟོས་མེད་ཀྱིས་ཨུ་རུ་སུས་ཨ་མི་རི་ཀའི་འོས་བསྡུའི་ནང་དུ་ཐེ་གཏོགས་བྱ་རྒྱུའི་དམིགས་ཡུལ་འཆང་སྟེ་གནོད་སྐྱོན་གཏོང་ཐབས་བྱེད་བཞིན་པའི་རྐྱེན་གྱིས་ཨ་མི་རིཀའི་གཞུང་གིས་མི་མང་ལ་ཨུ་རུ་སུའི་དྲྭ་རྒྱའི་བརྒྱུད་ལམ་ཁག་བཀོལ་སྤྱོད་བྱ་རྒྱུ་དེར་དོགས་ཟོན་བྱ་དགོས་པ་སོགས་ཀྱི་ལམ་སྟོན་རིམ་པ་བྱེད་བཞིན་ཡོད་ཅེས་གསུངས་ཡོད་པ་རེད།།

XS
SM
MD
LG