ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་དང་ལྷོ་ཀོར་གྱི་འགལ་ཟླ་དང་བྱང་ཀོར་སོགས་ཀྱི་སྐབས་འཚོལ།


༄༅།། ཉེ་དུས་ཤིག་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་འབྲེལ་བ་སྡུག་ཏུ་སོང་སྟེ་བྱང་ཀོ་རི་ཡ་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱི་ཨེ་ཤེ་ཡའི་ཨ་མི་རི་ཀའི་མཐུན་གྲོགས་གཙོ་བོ་གཉིས་ལ་འགལ་ཟླ་བྱུང་བའི་གོ་སྐབས་བཟུང་སྟེ་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སུ་སིམ་འཛུལ་བྱ་རྒྱུ་ཇེ་མང་དུ་བཏང་ཞིང་། ལྷོ་ཀོ་རི་ཡའི་དམག་གིས་མེ་མདེལ་༣༥༠་ལྷག་བརྒྱབ་ནས་ཨུ་རུ་སུའི་རེ་ཌར་འཁྱེར་པའི་དམག་གི་མྱུལ་ཞིབ་གནམ་གྲུ་ཞིག་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སུ་སིམ་འཛུལ་ཐེངས་གཉིས་བྱས་པར་ཉེན་བརྡ་དྲག་པོ་བཏང་འདུག ཨུ་རུ་སུ་ལ་ཉེན་བརྡ་བཏང་བའི་ཞོར་དུ་ལྷོ་ཀོ་རི་ཡའི་དམག་གིས་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ལའང་ཡུལ་དུས་ཚོད་རྩིས་ཀྱིས་གོ་སྐབས་བླངས་ན་དགེ་མཚན་མེད། ལྷོ་ཀོ་རི་ཡའི་དམག་གིས་རྒྱལ་ཁབ་དེའི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཚུགས་ཡོད་ཅེས་བརྡ་ཞིག་བཏང་བ་མཚོན་ཐུབ།

ཨུ་རུ་སུའི་དམག་གི་གནམ་གྲུ་ཞིག་ཐེངས་གཉིས་ལ་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སུ་སིམ་འཛུལ་བྱས་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ལྷོ་ཀོ་རི་ཡར་མངའ་ཁོངས་ཀྱི་བདག་དབང་དང་ཐོབ་ཐང་ཡོད་པར་བརྩི་མེད་བཏང་བ་ཞིག་མཚོན་ཡོད། ཨུ་རུ་སུ་རང་གི་ཚད་གཞི་ནས་བལྟས་ཀྱང་ལྷོ་ཀོ་རི་ཡའི་མཁའ་དབྱིངས་སུ་སིམ་འཛུལ་བྱས་པ་ནི་འོས་འཚམས་མིན་པ་དང་ཐལ་དྲགས་པ་ཞིག་ཡིན་པ་གསལ་པོ་རེད། ཨུ་རུ་སུའི་གནམ་དམག་དང་རྒྱ་ནག་གི་གནམ་དམག་གིས་ཀྱང་མཉམ་འབྲེལ་སྐོར་གཡེང་བྱེད་ཀྱི་ཡོད་པ་ནི་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལ་སྡིགས་ར་སྐུལ་གྱི་ཡོད་པ་ཞིག་དང་། མཐར་ཐུག་གི་དམིགས་ཡུལ་ཨ་མི་རི་ཀར་འཁྲུག་རྩོད་སློང་གི་ཡོད་པ་ཞིག་ཡིན་མོད། འོན་ཀྱང་ལྷོ་ཀོ་རི་ཡའི་དམག་གིས་ཨུ་རུ་སུ་སོགས་ལ་གོ་ནོར་ཐེབས་ས་མེད་པའི་བརྡ་བཏང་འདུག ཨ་མི་རི་ཀའི་གཞུང་གིས་ལྷོ་ཀོ་རི་ཡའི་དམག་གི་རྒོལ་ལན་དེར་དགའ་བསུ་དགོས། རྒྱ་ནག་དང་ཨུ་རུ་སུའི་མཉམ་འབྲེལ་གྱི་དམིགས་ཡུལ་ནི་ཨ་མི་རི་ཀས་འགོ་ཁྲིད་པའི་དམངས་གཙོའི་རྒྱལ་ཁབ་ཁག་གི་སྟོབས་ཤུགས་གཅོག་རྒྱུའི་ཆེད་དུ་རེད། ཁོ་ཚོས་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་ཅི་ཞིག་ཡིན་རུང་ཐེངས་འདིར་ཨུ་རུ་སུ་ཚད་ལས་བརྒལ་སོང་ཞེས་ཨ་མི་རི་ཀའི་ཉམས་ཞིབ་ཁང་ཞིག་གིས་དཔྱད་བརྗོད་སྤེལ་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་ལྷོ་ཀོ་རི་ཡར་མངགས་ནས་སྲིད་འཛིན་མུན་ཅེ་དབྱིན་ལ་ལྷོ་ཀོ་རི་ཡའི་གཞུང་གིས་ཉི་ཧོང་ལ་གསང་བའི་གནས་ཚུལ་སྤྲོད་ལེན་བྱ་རྒྱུ་མཚམས་འཇོག་བྱས་པ་ནོར་འཁྲུལ་ཡིན། ཀོ་རི་ཡའི་གླིང་ཟུར་ཧྲིལ་པོ་ཞི་བདེ་བརྟན་ལྷིང་ལ་གནས་པར་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་མཉམ་འབྲེལ་མཚམས་འཇོག་བྱས་ན་དགེ་མཚན་མེད་ཅེས་སྐུལ་ལྕག་གཏོང་དུ་བཅུག་ཡོད་ཅིང་། ལྷོ་ཀོ་རི་ཡ་དང་ཨ་མི་རི་ཀའི་དམག་དོན་མི་སྣ་ཚོས་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཉི་ཧོང་ལ་སྡང་ཟུག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཕྱོགས་གསུམ་གྱི་འབྲེལ་བར་གནོད་སྐྱོན་ཐེབས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་སྲིད། གལ་སྲིད་ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་གྱི་མཉམ་འབྲེལ་ལ་གཏོར་བཤིག་ཐེབས་ན་དེའི་ཁེ་ཕན་ནི་བྱང་ཀོ་རི་ཡར་འཐོབ་རྒྱུ་ཡིན་པའི་བློ་འཚབ་བྱེད་ཀྱི་ཡོད་པར་མ་ཟད། བྱང་ཀོ་རི་ཡའི་གཞུང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་ལ་ཞི་བདེའི་སྲིད་གཞུང་ཞིག་འཛུགས་དགོས། ལྷོ་ཀོ་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱིར་ཕུད་གཏོང་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་པ་དང་། བྱང་ཀོ་རི་ཡས་ལོ་རྒྱུས་ཀྱི་ཞེ་འཁོན་བསླངས་ནས་ཉི་ཧོང་ལ་སྡང་ཟུག་བྱ་དགོས་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།

ཨ་རིའི་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་སློབ་སྟོན་པ་ཇཱོན་བྷོལ་ཊོན་ལྷོ་ཀོ་རི་ཡར་འབྱོར་མ་ཐག་ཏུ་ངས་སྲིད་འཛིན་མུན་ཅེ་དབྱིན་ལ་གྲོས་མོལ་ལྷུག་པོར་བྱ་རྒྱུ་དང་ང་ཚོའི་མནའ་འབྲེལ་གལ་ཆེན་འདི་ཡར་རྒྱས་གཏོང་ཐུབ་པའི་རེ་བ་འཆང་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ་འདུག ཡིན་ནའང་ཇཱོན་བྷོལ་ཊོམ་གྱི་འཕྲིན་ཐུང་དེའི་རྗོད་ཚིག་ལ་བལྟས་ན་ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་གསུམ་གྱི་འབྲེལ་བ་དེར་འགལ་ཟླ་ཆེན་པོ་ཞིག་བྱུང་ཡོད་པ་གསལ་སྟོན་ཐུབ། ཨ་མི་རི་ཀས་ལོ་མང་རིང་སྐུལ་ལྕག་བཏང་བ་དེ་ལ་བརྟེན་ནས་༢༠༡༦་ལོར་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་ཕན་ཚུན་གསང་བའི་གནས་ཚུལ་སྤྲོད་ལེན་བྱེད་རེས་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ད་ལྟ་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱིས་ཉི་ཧོང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་མཚམས་འཇོག་བྱས་ཏེ་གྲོས་མཐུན་དེར་བརྩི་མེད་གཏོང་གི་ཡོད་པས་ཨ་མི་རི་ཀས་གྲོས་མཐུན་དེ་སྐྱོབ་ཐབས་བྱ་རྒྱུ་གནད་འགག་ཆེན་པོ་ཞིག་ཏུ་གྱུར་འདུག

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཀོ་རི་ཡའི་ངལ་རྩོལ་བ་ཚོ་ཉི་ཧོང་གི་བཟོ་གྲྭ་ཁག་ཏུ་བྲན་གཡོག་ལྟར་ངལ་རྩོལ་བཀོལ་བ་དང་ཀོ་རི་ཡའི་བུད་མེད་འབུམ་ཕྲག་མང་པོ་དམག་སར་ཁྲིད་ནས་ཉི་ཧོང་གི་དམག་ལ་འཁྲིག་སྦྱོར་བྱ་ཡུལ་བདེ་སྟེར་བུད་མེད་ཅེས་གཞང་ཁང་གཉེར་པ་སོགས་ལ་གུན་གསབ་དངུལ་སྒོར་སྤྲོད་དགོས་ཞེས་དགོས་འདུན་བཏོན་པས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་འབྲེལ་བ་སླར་ཡང་སྡུག་ཏུ་སོང་། ད་དུང་ཉི་ཧོང་གཞུང་གིས་ལྷོ་ཀོ་རི་ཡར་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་འཕྲུལ་རྩལ་ཁག་ཅིག་ལྐོག་ཏུ་བྱང་ཀོ་རི་ཡར་ཕྱིར་ཚོང་བྱེད་ཀྱི་འདུག ལྷོ་ཀོ་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྩ་མེད་བཏང་ནས་བྱང་ཀོ་རི་ཡར་ཚོང་ལས་གཉེར་གྱིན་འདུག ཉི་ཧོང་གིས་འཕྲུལ་རྩལ་ཁག་ཅིག་ལྷོ་ཀོ་རི་ཡར་ཕྱིར་ཚོང་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ནས་བཟུང་། ཉི་ཧོང་དང་ལྷོ་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་སོང་། སྔོན་ཆད་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ལ་འགལ་ཟླ་གང་འདྲ་ཞིག་འཕྲད་ཀྱང་ཨ་མི་རི་ཀའི་སྲིད་འཛིན་སོ་སོས་བར་འདུམ་བྱས་ཡོད་ཀྱང་སྲིད་འཛིན་ལས་ཐོག་ཌོ་ནལ་ཊམ་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡར་བར་འདུམ་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG