ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དང་བྱང་ཀོ་རི་ཡ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་འབྲེལ་བཀག་ནས་ཉེས་ཆད་གཅོད་ཀྱི་ཡོད་པ་དང་ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་བྱ་དགོས་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གི་ཐོ་གཞུང་ནག་པོར་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་བཀོད། ཕྱི་ཟླ་༧་པའི་ཚེས་༢༢་ཉིན་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་ཧྭ་ཝེ་བཟོ་ཚོང་ཁང་གི་ནང་ཁུལ་གྱི་ཡིག་ཆ་ཞིག་རག་ཡོད་པ་གཞི་རྩར་བཞག་སྟེ་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་ལྐོག་ཏུ་བྱང་ཀོ་རི་ཡར་སྐུད་མེད་ཁ་པར་གྱི་འབྲེལ་མཐུད་བསྒྲུབས། བྱང་ཀོ་རི་ཡའི་གཞུང་ལ་སྐུད་མེད་ཁ་པར་གྱི་ལམ་ནས་ཚོང་ལས་གཉེར་ཐུབ་པའི་རོགས་སྐྱོར་བྱས་འདུག་ཅེས་རྩོམ་ཡིག་ཅིག་སྤེལ་འདུག

རྩོམ་ཡིག་དེར་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་རྒྱ་ནག་གི་དོམ་ཁྲ་རྒྱལ་སྤྱིའི་གནས་འཕྲིན་འཕྲུལ་ལས་ཁང་ལ་མཉམ་འབྲེལ་གྱིས་ལོ་༨་ཡས་མས་ཤིག་ལ་ལས་གཞི་སྣ་མང་ཞིག་མཉམ་དུ་གཉེར། རྒྱ་ནག་གི་དོམ་ཁྲ་རྒྱལ་སྤྱིའི་གནས་འཕྲིན་འཕྲུལ་ལས་ཁང་གི་འཛམ་གླིང་ཁྱོན་ཡོངས་སུ་ཁ་པར་འབྲེལ་མཐུད་ཀྱི་ཚོང་ལས་གཉེར་གྱི་ཡོད་ཀྱང་ཧྭ་ཝེ་བཟོ་ཚོང་ཁང་དེ་ལ་འབྲེལ་བ་ཡོད་པ་གཏན་ནས་ཤེས་རྟོགས་མི་ཐུབ་པ་ཞིག་བཀོད་སྒྲིག་བྱས་འདུག ངས་སྤྱི་དམངས་ཀྱི་ཁེ་ཕན་ཆེད་དུ་ཡིག་ཆ་འདི་རྣམས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་མཁོ་སྤྲོད་བྱས་པ་ཡིན་ཞེས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ལས་བྱེད་པ་ཟུར་པ་ཞིག་གིས་གསང་བའི་གནས་ཚུལ་ཞིག་ཐེར་འདོན་བྱས་འདུག ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་ཧྭ་ཝེ་བཟོ་ཚོང་ཁང་གི་ལས་བྱེད་པ་ཟུར་པ་གཞན་གཉིས་ཀྱིས་ཀྱང་ཡིག་ཆ་རིགས་མ་འདྲ་བ་ཁག་གཉིས་མཁོ་སྤྲོད་བྱས་ཀྱང་ཧྭ་ཝེ་བཟོ་ཚོང་ཁང་གི་ལས་བྱེད་པ་ཟུར་པ་དེ་ཚོས་རང་ལ་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་དགྲ་ལན་སློག་སྲིད་པའི་སྐྲག་སྣང་གིས་མིང་རྣམས་ཕྱིར་བསྒྲགས་བྱེད་དུ་བཅུག་མེད་པ་རེད།

རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ནང་ཁུལ་གྱི་ཡིག་ཆ་དེར་བཟོ་ཚོང་ལས་ཁང་དེས་ཁ་པར་དང་བརྡ་འཕྲིན་གྱི་ཚོང་ལས་གཉེར་ཡུལ་རྒྱལ་ཁབ་ཁག་ལ་འཇར་མན་ཎི་དང་ཨ་མི་རི་ཀ མེཀ་སི་ཀོ་སོགས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་མིང་ངོ་མ་བཀོད་ཀྱང་རྒྱལ་ཁབ་ཁག་ཅིག་ལ་A-5, A7, A9་བཅས་དབྱིན་ཡིག་གི་གསལ་བྱེད་དང་པོ་དང་ཨང་གྲངས་རེ་བཀོད་ནས་མཚོན་ཐབས་བྱས་ཡོད་ཅིང་། དཔེར་ན་བྱང་ཀོ་རི་ཡར་མཚོན་ན་A-9་ཞེས་པའི་མཚོན་རྟགས་ཤིག་བཀོད་ཡོད་པ་དེས་ཤེས་རྟོགས་ཐུབ་དགོས་པ་དང་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ལས་བྱེད་པ་ཟུར་པ་དེར་ཨེ་༩་དང་༥་པ།་༧་པ་ཞེས་འགོད་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་དྲིས། ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་ལས་བྱེད་པ་ཟུར་པ་དེ་ཚོས་བཟོ་ཚོང་ཁང་དེར་བྱང་ཀོ་རི་ཡ་དང་དང་ཨི་རན། སི་རི་ཡ་ཞེས་དངོས་སུ་རྒྱལ་ཁབ་ཀྱི་མིང་གསལ་པོར་འབོད་བདེ་བོ་མེད་པས་རེད་ཅེས་ལན་བཏབ། ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ལས་བྱེད་པ་ཟུར་པ་དེས་༢༠༠༨་ལོར་A-9་བཀོད་པའི་རྒྱལ་ཁབ་དེའི་མིང་གཞུང་འོག་ཏུ་ཀོ་རི་ཡའི་འབྲེལ་མཐུད་ཅེས་ཚོང་ལས་མགོ་བརྩམས་སོང་། ཁོ་པས་ཀོ་རི་ཡ་ཞེས་པ་དེར་འཁྲིས་སུ་རྒྱ་ཡིག་གིས་ཁྲའོ་ཤན་ཞེས་བཀོད་ཡོད་པ་ངས་གསལ་པོར་དྲན་གྱི་འདུག དེ་ནས་ང་པེ་ཅིང་ལ་འཕྲལ་དུ་ལོག་ནས་ལོ་དེར་རྒྱ་ནག་ལ་ཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་བསྡུར་གྱི་གྲ་སྒྲིག་ལས་དོན་བསྒྲུབས་པ་ཡིན་ཞེས་བཤད།

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་རག་པའི་ཡིག་ཆ་དེ་ཚོར་ཞིབ་འཇུག་བྱས་ནས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་ཚོང་ལས་ཀྱི་གྲོས་མཐུན་ཁག་ལ་འགལ་འཛོལ་བྱས་ནས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་བཀོལ་སྤྱོད་ལོག་པ་དང་། ཨ་མི་རི་ཀས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པའི་རྒྱལ་ཁབ་ཁག་ལ་ཚོང་ལས་གཉེར་ཡོད་མེད་རྩད་གཅོད་གསལ་པོ་ཞིག་ཐུབ་སྲིད། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པས་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་བྱང་ཀོ་རི་ཡར་ཚོང་ལས་གཉེར་ཆོག་གི་མེད་ཅིང་། ཨ་རིའི་ཚོང་དོན་ལྷན་ཁང་གིས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་ཐོན་པའི་གསར་འགྱུར་དེར་བདེན་རྫུན་གྱི་འགྲེལ་བཤད་གང་ཡང་བརྒྱབ་མེད། འོན་ཀྱང་༢༠༡༦་ནས་ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་བྱང་ཀོ་རི་ཡར་ལྐོག་ཏུ་ཚོང་འབྲེལ་བཙུགས་ཡོད་པའི་ཉེས་འཛུགས་བྱས་ཀྱང་ད་ལྟའི་བར་དུ་ཚོང་འབྲེལ་ཇི་ལྟར་བཙུགས་ཡོད་པ་ཁུངས་སྐྱེལ་བྱས་ཐུབ་མེད་པར་མ་ཟད། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཀྱང་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་དངུལ་ཁང་གི་འགྲོ་ལུགས་ལ་གཡོ་ཁྲམ་བྱས་ནས་ཨི་རན་ལ་དངུལ་སྒོར་གཏོང་ལེན་གྱི་རོགས་ཕན་བསྒྲུབས་འདུག་ཅེས་ཉེས་འཛུགས་བྱས་ཡོད་པ་རེད།

ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་ཚོང་ལས་གཉེར་ཡུལ་གང་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ། ཨ་མི་རི་ཀ་བཅས་ཀྱིས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་ན་ཚོང་ལས་བཀག་སྡོམ་གྱི་ཁྲིམས་དང་སྒྲིག་གཞི་ཁག་ལ་བརྩི་སྲུང་ཚུལ་བཞིན་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རུང་རྒྱ་ནག་གི་དོམ་ཁྲ་རྒྱལ་སྤྱིའི་གནས་འཕྲིན་འཕྲུལ་ལས་ཁང་གིས་ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་ཐོན་པའི་གསར་འགྱུར་དེར་ལན་འདེབས་ཅི་ཡང་བྱས་མེད་ཅིང་། ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་བྱང་ཀོ་རི་ཡ་སོགས་ལ་ཚོང་ལས་གཉེར་གྱི་ཡོད་པ་གཅིག་པུ་མིན་པར་བརྡ་འཕྲིན་བཟོ་ཚོང་ཁང་དེ་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་འདུག རྒྱ་ནག་གཞུང་གིས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་བརྒྱུད་ནས་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཐུབ་ཀྱིན་འདུག ཧྭ་ཝེ་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་རྣམས་རྒྱལ་ཁབ་ཁག་མང་དག་ཅིག་གི་ཁ་པར་མ་ལག་ནང་དུ་བཀོལ་སྤྱོད་བྱེད་ཀྱི་ཡོད་པར་ཨ་མི་རི་ཀ་དང་ཡུ་རོབ་སོགས་ཀྱིས་དོགས་ཟོན་བྱས་ཏེ་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་འགོག་དགོས་པའི་ལས་འགུལ་སྤེལ། ༢༠༠༦་གི་སྔོན་ཆད་ལ་བྱང་ཀོ་རི་ཡར་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་གཅིག་གིས་ཀྱང་སྐུད་མེད་ཁ་པར་གྱི་འབྲེལ་ལམ་བཙུགས་མེད་ཀྱང་ལོ་དེར་སྐབས་དེའི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨིལ་ལྐོག་ཏུ་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དུ་ཚུགས་པའི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་དབུས་སྤྱི་ཁྱབ་ཁང་ལ་གཟིགས་ཞིབ་ཏུ་ཕེབས་ནས་བཟུང་། ཀོ་རི་ཡའི་འབྲེལ་མཐུད་ཅེས་བྱང་ཀོ་རི་ཡར་སྐུད་མེད་ཁ་པར་གྱི་འབྲེལ་བ་མཐུད་རྒྱུ་དཀའ་ངལ་མེད་པར་གྱུར་འདུག

XS
SM
MD
LG