ངོ་འཕྲད་བདེ་བའི་དྲ་འབྲེལ།

ཏུར་ཀི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་འགལ་ཟླ།


FILE - A Lockheed Martin F-35 aircraft is seen at the ILA Air Show in Berlin, Germany, April 25, 2018.

༄༅།། ཏུར་ཀིའི་གཞུང་གིས་ཨུ་རུ་སུ་ནས་ཨ་སྒོར་དུང་ཕྱུར་༢༥་ལྷག་གི་མེ་ཤུགས་འཕུར་མདེལ་ནང་འདྲེན་བྱས་པ་དང་ཨ་མི་རི་ཀ་གཙོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཏུར་ཀི་རྒྱལ་ཁབ་ལ་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུ་ངང་འཐེན་བྱ་དགོས་པའི་ཐག་བཅད། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ཡུན་རིང་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ནང་ཁུལ་དུ་འགལ་ཟླ་སློང་རྒྱུའི་དམགས་ཡུལ་འཆང་ཡོད་པ་གནས་སྐབས་རིང་གྲུབ་ཡོད་པའི་རྣམ་པ་ཞིག་མངོན། ཡིན་ནའང་ཨ་མི་རི་ཀ་སོགས་ཀྱིས་རྒྱལ་ཁབ་༢༨་ཀྱི་དམག་དོན་མཉམ་འབྲེལ་སྒྲིག་འཛུགས་ཁོངས་ནས་ཏུར་ཀི་ཕྱིར་ཕུད་བྱས་མེད་པ་དང་ཉམས་ཞིབ་པ་མང་པོ་ཞིག་གིས་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་གྷན་གྱིས་ཨུ་རུ་སུ་ནས་མེ་ཤུགས་འཕུར་མདེལ་ནང་འདྲེན་བྱ་རྒྱུའི་ཐག་གཅོད་བྱས་པ་ནི་ཕྱོགས་ཡོངས་ལ་བསམ་ཞིབ་གཟབ་ནན་མ་བྱས་པའི་ཐག་གཅོད་ཅིག་ཡིན་སྲིད། ད་ནས་ལོ་ཤས་རྗེས་སུ་སྲིད་འཛིན་ཨེར་དྷོ་གྷན་འཕོ་འགྱུར་སོང་བ་དང་ཏུར་ཀི་ལ་སྲིད་འཛིན་གསར་པ་ཞིག་འོས་འདེམས་བྱུང་ན་ཨ་རུ་སུའི་མེ་ཤུགས་འཕུར་མདེལ་རྣམས་ཕན་ཐོགས་མེད་པར་འགྱུར་སྲིད་ཅེས་བཤད།

ཏུར་ཀིའི་གཞུང་གིས་ཨུ་རུ་སུ་ནས་མེ་ཤུགས་འཕུར་མདེལ་ནང་འདྲེན་བྱས་པའི་དུས་སྐབས་ནི་ཁྱད་མཚར་ཞིག་རེད། དེ་ནི་༢༠༡༦་ལོའི་ཕྱི་ཟླ་༧་པའི་ཚེས་༡༥་ཉིན་ཏུར་ལ་སྲིད་འགྱུར་གཏོང་ཐབས་བྱས་ཏེ་སྲིད་འཛིན་ཨེར་དྷ་གྷན་གྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་དུས་དྲན་ལ་བསམ་བཞིན་ཁེལ་དུ་བཅུག་པའམ། ཡང་ན་ཨུ་རུ་སུ་ནས་མེ་ཤུགས་འཕུར་མདེལ་ནང་འདྲེན་བྱས་པའི་དུས་ཚོད་དེ་སྟབས་ཁེལ་བ་ཡིན་མིན་གསལ་པོ་མེད། ཏུར་ཀི་རྒྱལ་ཁབ་ནི་ཨ་མི་རི་ཀས་འགོ་ཁྲིད་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་༢༨་ཀྱི་དམག་དོན་མཉམ་འབྲེལ་སྒྲིག་འཛུགས་དེའི་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་དང་ཨ་མི་རི་ཀའི་མེ་ཤུགས་འཕུར་མདེལ་ཕྱིར་ཚོང་བྱ་དགོས་པའི་གྲོས་མཐུན་བཞག་ཡོད་ཅིང་། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་གནམ་དམག་གི་སྦྱོང་བརྡར་ལག་དེབ་ཀྱང་གཅིག་གྱུར་ཡིན། ཨུ་རུ་སུའི་མེ་ཤུགས་འཕུར་མདེལ་གྱི་དམིགས་འབེན་རྣམས་ཨ་མི་རི་ཀའི་མེ་ཤུགས་འཕུར་མདེལ་དང་ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་རྣམས་ཡིན་པས་ཨུ་རུ་སུའི་འཕྲུལ་རྩལ་མཁས་པ་ཚོར་ཨ་མི་རི་ཀའི་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་གསང་བ་རྣམས་ཤེས་རྟོགས་ཐུབ་དུ་འཇུག་འདོད་མེད་པས་ཏུར་ཀི་རྒྱལ་ཁབ་ལ་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུ་ངང་འཐེན་བྱས་འདུག

ཨུ་རུ་སུའི་གཞུང་གིས་ཏུར་ཀི་ལ་མེ་ཤུགས་འཕུར་མདེལ་བཙོངས་ནས་ཨ་མི་རི་ཀ་དང་ཏུར་ཀིའི་འབྲེལ་བ། ཏུར་ཀི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་འགལ་ཟླ་བསླངས་ཐུབ་ཡོད་ཀྱང་ཏུར་ཀི་དང་ཨུ་རུ་སུ་གཉིས་ལ་ལོ་རྒྱུས་ཀྱི་ཞེ་འཁོན་ཡོད་པ་སྟེ། གྲངས་དམག་འཁོན་འཛིང་དུས་སུ་ཏུར་ཀི་རྒྱལ་ཁབ་ཨ་མི་རི་ཀའི་ཕྱོགས་སུ་ལངས་ནས་ཨུ་རུ་སུ་དམར་ཤོག་ལ་ཁ་གཏད་བཅག ༢༠༡༥་ལོར་ཏུར་ཀིའི་དམག་གིས་མེ་ཤུགས་འཕུར་མདེལ་བརྒྱབ་ནས་སི་རི་ཡའི་ས་མཚམས་སུ་ཨུ་རུ་སུའི་འཐབ་འཛིང་གནམ་གྲུ་ཞིག་གཏོར། སི་རི་ཡའི་ནང་འཁྲུག་སྐབས་སུ་ཨུ་རུ་སུའི་གཞུང་གིས་སི་རི་ཡའི་སྲིད་འཛིན་ཨ་ས་ཐེ་ལ་རྒྱབ་སྐྱོར་དང་ཏུར་ཀིའི་གཞུང་གིས་སི་རི་ཡའི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ཡོད། ༢༠༡༦་གི་སྲིད་འགྱུར་དུས་སུ་ཏུར་ཀིའི་གནམ་དམག་གིས་སྲིད་འཛིན་ལས་ཁུངས་དང་གྲོས་ཚོགས་ཁང་ལ་གཏོར་བྱས་པར་མ་ཟད། སྲིད་འཛིན་ཨེར་དྷོ་གྷན་གུང་སེང་ལ་འགྲོ་ཡུལ་ནས་རྒྱལ་ས་ཨན་ཁ་རར་ཕྱོར་ལོག་བྱས་པའི་སྐབས་སུའང་ཏུར་ཀིའི་གནམ་དམག་གིས་མེ་ཤུགས་འཕུར་མདེལ་བརྒྱབ་ནས་གསོད་གྲབས་བྱས་ཡོད་པར་བརྟེན། ཏུར་ཀའི་གཞུང་འབྲེལ་མི་སྣ་ཚོས་རྒྱལ་ཁབ་དེའི་བདེ་འཇགས་སྲུང་སྐྱོབ་ལ་ཨུ་རུ་སུའི་མེ་ཤུགས་འཕུར་མདེལ་ཡག་ག་འདུག ཨ་མི་རི་ཀ་ནས་ཐོན་པའི་མེ་ཤུགས་འཕུར་མདེལ་གྱིས་ཨ་མི་རི་ཀ་ནས་ཐོན་པའི་ཏུར་ཀིའི་དམག་གི་འཐབ་འཛིང་གནམ་གྲུར་གཏོར་རྒོལ་བྱེད་མི་ཐུབ་པ་ཞིག་བསྒྲིག་འདུག་པས་བདེ་འཇགས་སྲུང་སྐྱོབ་ལ་ཕན་ཐོགས་མི་འདུག་ཅེས་རྒྱུ་མཚན་བགྲངས།

གཟའ་འཁོར་འདིར་ཏུར་ཀིའི་གཞུང་གིས་ཨུ་རུ་སུ་ནས་མེ་ཤུགས་འཕུར་མདེལ་ནང་འདྲེན་བྱས་རྗེས་སུ་ཨ་མི་རི་ཀས་ཏུར་ཀི་རྒྱལ་ཁབ་ལ་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་རྒྱུ་ངང་འཐེན་བྱ་རྒྱུ་ཡིན། ཏུར་ཀིའི་གནམ་དམག་ལ་ཨ་མི་རི་ཀའི་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༢༠་དགོས་ཞེས་མངགས་ཉོ་བྱས་ཡོད་པ་དེའི་ཁོངས་ནས་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༣༠་ཐམ་པ་ལོ་འདིར་མཁོ་སྤྲོད་བྱ་འཆར་ཡོད་པ་རྣམས་བཙོང་རྒྱུ་མིན་ཞེས་བསྒྲགས། ཨ་མི་རི་ཀའི་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྣམས་ལོ་ཀི་མར་ཊིན་བཟོ་ཚོང་ཁང་གིས་བཟོ་སྐྲུན་བྱེད་ཀྱི་ཡོད་པས་བཟོ་ཚོང་ལས་ཁང་དེས་རང་གི་དམག་དོན་འཕྲུལ་རིག་ལག་རྩལ་ལ་སྲུང་སྐྱོབ་བྱེད་པར་ཏུར་ཀི་རྒྱལ་ཁབ་ལ་གནམ་གྲུ་གསར་པ་ཕྱིར་ཚོང་བྱ་རྒྱུ་ངང་འཐེན་བྱ་དགོས་ཞེས་སྲིད་འཛིན་ཌོ་ནལ་ཊམ་ལ་ལྐོག་ཏུ་ནན་སྐུལ་བྱས་ཡོད་པའི་དཔག་བྱེད་བཞིན་འདུག ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཏུར་ཀི་ལ་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཕྱིར་ཚོང་བྱ་རྒྱུ་ངང་འཐེན་བྱས་ན་ཨུ་རུ་སུ་ནས་མེ་ཤུགས་འཕུལ་མདེལ་ཉོ་རྒྱུ་མཚམས་འཇོག་བྱ་སྲིད་པའི་རེ་བ་འཆང་། གཟའ་འཁོར་འདིར་ཨུ་རུ་སུའི་མེ་ཤུགས་འཕུར་མདེལ་དངོས་སུ་ཏུར་ཀིའི་ས་ཐོག་ཏུ་འབྱོར་པས་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཏུར་ཀི་ལ་དམག་གི་གནམ་གྲུ་ཕྱིར་ཚོང་བྱ་རྒྱུ་ངང་འཐེན་བྱ་དགོས་པའི་སྲིད་ཇུས་ལག་ལེན་བསྟར་འདུག

༢༠༡༦་ལོར་ཏུར་ཀི་ལ་སྲིད་འགྱུར་གཏོང་ཐབས་བྱས་པ་དེར་ལམ་ལྷོངས་མ་བྱུང་བའི་རྗེས་སུ་སྲིད་འཛིན་ཨེར་དྷོ་གྷན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་དམ་ཟབ་འཛིན་པའི་ཏུར་ཀིའི་སྐམ་མཚོ་གནམ་གསུམ་གྱི་མཐོ་རིམ་དམག་སྤྱི་མང་པོ་ཞིག་གནས་དབྱུང་བཏང་བ་དང་བཙོན་འཇུག་བྱས་པ། ཏུར་ཀི་དང་ཨི་རན། ཨུ་རུ་སུ་གསུམ་གྱི་དམག་དོན་འབྲེལ་བ་ཡར་རྒྱས་བཏང་བ། ཏུར་ཀིའི་གསང་བའི་ལས་ཁང་གི་འགོ་ཁྲིད་གཙོ་བོ་ཨི་རན་ལ་འབྲེལ་བ་བཟང་པོ་འཛིན་དགོས་པའི་ལངས་ཕྱོགས་འཛིན་མཁན་ཞིག་བསྐོ་བཞག་བྱས་པ། སི་རི་ཡའི་ནང་འཁྲུག་དུས་སུ་ཏུར་ཀིའི་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་འགལ་བྱས་ནས་འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པའི་ཤོག་ཁག་ཅིག་ལ་རྒྱབ་སྐྱོར་ཡོད་པས་ཏུར་ཀི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འབྲེལ་བ་བཟང་པོ་མེད་མོད། འོན་ཀྱང་ཏུར་ཀི་ཡུལ་ལུང་དེ་ཉིད་རྒྱལ་ཁབ་༢༨་ཀྱི་དམག་དོན་མཉམ་འབྲེལ་སྒྲིག་འཛུགས་ཁོངས་ནས་ཕྱིར་ཕུད་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། ཨུ་རུ་སུ་དམར་ཤོག་གི་དུས་སུ་ཏུར་མིའི་ས་ཐོག་ཏུ་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆ་བཙུགས། ད་དུང་ཡང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་གནམ་ཐང་དང་དམག་སྒར་ཁག་ཏུར་ཀིའི་ས་ཐོག་ཏུ་ཚུགས་ཡོད་པས་རྒྱལ་ཁབ་དེའི་ས་བབ་ཆགས་ཡུལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་གནད་འགག་ཆེ་ཞིང་། ཉམས་ཞིབ་པ་ཁག་ཅིག་གིས་ཏུར་ཀི་དང་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་བཟང་པོ་མེད་པ་ནི་རྒྱལ་ཁབ་དེའི་སྲིད་ཇུས་ཤིག་མིན་པར་སྲིད་འཛིན་ཨེར་དྷོ་གྷན་སྒེར་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྒེར་གྱི་ཞེ་འཁོན་ཞིག་འཆང་ཡོད་དེར་འབྲེལ་བ་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG