ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་དང་རྒྱ་ནག་གི་བློ་འཚབ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་དང་འཐབ་ཇུས་མཉམ་འབྲེལ་གྱི་འབྲེལ་བ་དམ་ཟབ། ཨ་མི་རི་ཀ་དང་དམངས་གཙོའི་མཐུན་གྲོགས་ཐེ་ཝན་གཉིས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་པར་ཕྱོགས་གཉིས་ཀྱི་སྲིད་གཞུང་རིམ་པའི་འབྲེལ་བ་རྒྱ་སྐྱེད། ཨ་མི་རི་ཀ་དང་ཐེ་ཝན་གྱི་ཆབ་སྲིད་དང་དམག་དོན། ཚོང་ལས་སོགས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་འགོ་ཚུགས། དེར་བརྟེན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཨ་མི་རི་ཀས་ཐེ་ཝན་ལ་འཛིན་པའི་འབྲེལ་བ་དེ་ཉིད་རྒྱུན་ལྡན་ཞིག་ཏུ་འགྱུར་སྲིད་པའི་བློ་འཚབ་ཆེན་པོ་ཡོང་གི་ཡོད་ཅིང་། ཁ་སྔོན་ཕྱི་ཟླ་༦་པའི་ཟླ་མཇུག་དེར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཞོར་དུ་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ཐུག་འཕྲད་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུའི་གྲོས་མཐུན་བྱུང་། རྒྱ་ནག་གིས་ཨ་མི་རི་ཀར་ཐེ་ཝན་ལ་མཚོན་ཆ་བཙོངས་ན་ངོ་རྒོལ་ཡོད་ཅེས་ཉེན་བརྡ་བཏང་རུང་དེ་ནས་ཅང་མ་འགོར་པར་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུའི་ཐག་བཅད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


གཟའ་འཁོར་སྔོན་མར་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༢་ཀྱི་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱུང་བ་དེའི་ཁོངས་སུ་མཚོ་ཁ་འགོག་སྲུང་གི་ལྕགས་ཁྲབ་འཁོར་ལོ་༡༠༨་དང་ཕྲག་འཕེན་མེ་ཤུགས་འཕུར་མདེལ་༢༥༠་ཐམ་པ། ད་དུང་ཐེ་ཝན་གྱི་རང་སྲུང་ལ་མཁོ་བའི་དམག་དོན་ཡོ་བྱད་ཁག་ཅིག་བཙོང་རྒྱུའི་ཐག་བཅད་པ་ནི་༡༩༩༢་ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་འཇོར་ཇཱི་བྷུ་ཤི་བགྲེས་པས་ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་༡༥༠་བཙོངས་ནས་བཟུང་། ད་ལྟའི་བར་དུ་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་དང་དམག་དོན་ཡོ་བྱད་ཕོན་ཆེན་ཞིག་བཙོངས་མྱོང་མེད། དཔེར་ན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཐེ་ཝན་ལ་མཚོན་ཆ་དང་དམག་དོན་ཡོ་བྱད་བཙོངས་པ་དེ་འདྲ་ཞིག་སྲིད་འཛིན་ཁེ་ལིན་ཊོན་དང་འཇོར་ཇཱི་ཊབ་ལུ་བྷུ་ཤི། བྷ་རཀ་ཨོ་བྷ་མ་བཅས་སྲིད་འཛིན་གསུམ་གྱི་ལས་དུས་རིང་དུའང་ཐེ་ཝན་ལ་བཙོངས་མྱོང་མེད། སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་དུ་རྒྱ་ནག་གི་ཐོག་མཁྲེགས་འཛིན་བྱེད་མཁན་དང་ཐེ་ཝན་ལ་འབྲེལ་བ་བཟང་པོ་འཛིན་འདོད་ཡོད་པའི་མཐོ་རིམ་ལས་སྣེ་ཇེ་མང་དུ་སོང་བའི་སྟབས་ཀྱིས་ཨ་མི་རི་ཀས་རྒྱ་ནག་ལ་འཛེམ་ཟོན་བྱ་མི་དགོས་པར་ཐེ་ཝན་ལ་མཚོན་ཆ་བཙོང་རྒྱུ་རྒྱུན་ལྡན་ཞིག་ཏུ་བསྒྱུར་དགོས་པའི་གླེང་སློང་ཤུགས་ཆེ་རུ་སོང་འདུག

འདས་པའི་ལོ་གཉིས་ཀྱི་རིང་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐེ་ཝན་ལ་མཚོན་ཆ་བཙོང་དགོས་པའི་སྙན་ཞུ་ཁག་མ་འདྲ་བ་བཞི་ལ་ཆོག་མཆན་བཀོད། ༢༠༡༧་ལོའི་ཕྱི་ཟླ་༦་པའི་ནང་དུ་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༡༤་ལྷག་གི་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱུང་བ་དང་ཐེངས་གཉིས་པ་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༣་དང་བྱེ་བ་༣་གྱི་མཚོན་ཆ་བཙོང་དགོས་པའི་ཆོག་མཆན་བཀོད། ན་ནིང་ཕྱི་ཟླ་༩་པར་ཐེ་ཝན་གྱི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྙིང་པ་ཁག་ཅིག་ཡར་རྒྱས་གཏོང་བར་ཨ་སྒོར་དུང་ཕྱུར་ལྔའི་ཚོང་ལས་གན་རྒྱ་ཞིག་ལ་ཆོག་མཆན་བཀོད། བདུན་ཕྲག་སྔོན་མར་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༢་ཀྱི་མཚོན་ཆ་དང་དམག་དོན་ཡོ་བྱད་བཙོང་དགོས་པའི་ཆོག་མཆན་བཀོད་མོད། འོན་ཀྱང་ཐེ་ཝན་གཞུང་གིས་ཨ་མི་རི་ཀར་ཨེབ་༣༥་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཙོང་དགོས་པའི་རེ་བ་བཏོན་པར་ཆོག་མཆན་བཀོད་མེད། ད་ལོའི་ཕྱི་ཟླ་༤་པར་ཐེ་ཝན་གཞུང་གིས་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་རྙིང་པ་༡༤༠་ཐམ་པ་ཡར་རྒྱས་གཏོང་དགོས། ཐེ་ཝན་ལ་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་གསར་པ་༦༠་ལྷག་ཕྱིར་ཚོང་བྱ་དགོས་ཞེས་སྙན་ཞུ་ཕུལ་ཡོད་པར་ཨ་མི་རི་ཀས་བསམ་ཞིབ་བྱེད་ཀྱི་ཡོད་པ་རེད།

༡༩༩༦་ལོར་ཐེ་ཝན་ལ་དམངས་གཙོའི་ལམ་ནས་སྲིད་འཛིན་འོས་འདེམས་ཐེངས་དང་པོ་བྱས་པའི་སྐབས་སུ་རྒྱ་ནག་གིས་ཐེ་ཝན་མཚོ་འགག་ལ་མེ་ཤུགས་འཕུར་མདེལ་བརྒྱབ་ནས་སྡིགས་ར་བསྐུལ། དུས་དེ་ནས་བཟུང་སྟེ་ཐེ་ཝན་གཞུང་གིས་དམག་དོན་ལ་འགྲོ་གྲོན་གཏོང་རྒྱུ་མང་དུ་བཏང་ཡོད་པ་སྟེ། ད་ལོ་རྒྱ་ནག་གིས་དམག་དོན་འགྲོ་གྲོན་ལ་ཨ་སྒོར་ཐེར་འབུམ་༡༧༧་དང་ཕྱེད་ཀ་བཏང་ཡོད་པ་དང་། ཐེ་ཝན་གྱིས་ཨ་སྒོར་ཐེར་འབུམ་༡༡་དང་དུང་ཕྱུར་༣་ལྷག་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པས་རྒྱ་ནག་གི་དམག་ཤུགས་ལ་ཁ་གཏད་གཅོག་པར་ཐེ་ཝན་ལ་དེང་རབས་ཅན་གྱི་རང་སྲུང་གི་མཚོན་ཆ་རྣམས་དགོས་ངེས་སུ་གྱུར། ༡༩༧༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ལག་བསྟར་ཁྲིམས་ཡིག་ཅིག་གཏན་འབེབས་བྱུང་བ་དེར་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་དགོས་ཞེས་བཀོད། ༡༩༨༢་ལོར་ཨ་རིའི་སྲིད་འཛིན་རེ་གྷན་གྱིས་ཐེ་ཝན་མཚོ་གླིང་གི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱ་དགོས་པ་སོགས་ཁག་ཐེག་དོན་ཚན་༦་བྱས་ཏེ་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་ཁྲིམས་ཡིག་གཏན་འབེབས་བྱུང་བ་ལྟར་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་ཨ་མི་རི་ཀས་ཐེ་ཝན་གྱི་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་རྣམས་བཙོང་དགོས་པའི་སྲིད་ཇུས་རྒྱུན་འཁྱོངས་བྱས་འདུག

ལོ་རྗེས་མར་ཐེ་ཝན་ལ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གིས་ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་ལ་དངུལ་སྒོར་འགྲོ་གྲོན་བཏང་ནས་གསར་འགྱུར་ལོག་པ་སྤེལ་བ་དང་དཀྲོག་གཏམ་སྒྲོགས་པ། ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་འོས་འདེམས་སྐབས་སུ་ཕམ་ཉེས་འབྱུང་དུ་འཇུག་རྒྱུ་དང་པེ་ཅིང་ལ་འབྲེལ་བ་བཟང་པོ་འཛིན་པའི་གོ་མིན་ཏང་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཏུ་འཇུག་སྲིད་པའི་དོགས་ཟོན་བྱེད་ཀྱི་ཡོད་པར་མ་ཟད། ཐེ་ཝན་གྱི་ཆགས་ཡུལ་དང་དཔལ་འབྱོར། ཚོང་ལམ་བཅས་པ་ཨ་མི་རི་ཀའི་ཁེ་ཕན་ལ་འབྲེལ་བ་ཆེན་པོ་ཡོད། དེས་ན་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་གཅིག་པུ་མིན་པར་ཕྱོགས་གཉིས་ཀྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཕར་ཚུར་འཚམས་འདྲིར་བསྐྱོད་རྒྱུ། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་ཨ་མི་རི་ཀ་དང་ཉི་ཧོང་། ཨོ་གླིང་རྒྱལ་ཁབ་དང་ནིའུ་ཛི་ལན་ཌི། ལྷོ་ཀོ་རི་ཡ་དང་རྒྱ་གར་བཅས་ཀྱིས་རང་དབང་དང་གུ་ཡངས་ཀྱི་ཚོང་ལམ་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དེའི་ཁོངས་སུ་ཐེ་ཝན་ཡང་འདུས་ཡོད་པ་རེད།།

XS
SM
MD
LG