ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧན་གོ་ཡུའི་གོ་མིན་ཏང་གི་སྲིད་འཛིན་འོས་མིར་འདེམས་ཐོན།


༄༅།། ཕྱི་ཟླ་༧་ཚེས་༨་ནས་༡༤་བར་དུ་ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་མི་མང་ལ་ཁ་པར་དང་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ནས་བསམ་ཚུལ་དྲིས། ཁ་སང་གཟའ་ཉི་མའི་དགོང་མོར་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧན་གོ་ཡུའི་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་། དེས་ན་༢༠༢༠་ལོའི་ཕྱི་ཟླ་དང་པོར་ཧན་གོ་ཡུས་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་ཁ་གཏད་བཅག་ནས་ཐེ་ཝན་གྱི་སྤྱི་ཡོངས་འོས་འདེམས་ལ་འགྲན་ཞུགས་བྱ་དགོས། ཧན་གོ་ཡུའི་ལ་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༤༤་དང་གྲངས་ཆུང་༤་ལྷག་གིས་རྒྱབ་སྐྱོར་ཐོབ་པ་དང་ཐེ་ཝན་གྱི་བཟོ་ཚོང་བདག་པོ་ཊེ་རི་གོ་ལ་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༢༧་དང་གྲངས་ཆུང་༧་གྱི་རྒྱབ་སྐྱོར་ཐོབ། ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཟུར་པ་ཨེ་རིཀ་ཁྲུ་ལ་མི་མང་སྐད་ཆ་འདྲི་ཡུལ་བརྒྱ་ཆ་༡༧་དང་གྲངས་ཆུང་༩་ཡས་མས་ཤིག་གི་རྒྱབ་སྐྱོར་ཐོབ། ཊེ་རི་གོ་ཡིས་ཧན་གོ་ཡུའི་གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་འདེམས་ཐོན་བྱུང་བར་ངོས་ལེན་བྱས་ཀྱང་ལོ་རྗེས་མའི་སྤྱི་ཡོངས་འོས་འདེམས་སྐབས་སུ་ཧན་གོ་ཡུའི་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་གྱི་རྣམ་འགྱུར་གང་ཡང་བསྟན་མེད་ཅིང་། ཉམས་ཞིབ་པ་ཁག་ཅིག་གིས་ཊེ་རི་གོ་རང་བཙན་གྱི་སྲིད་དོན་པ་ཞིག་གི་ངོས་ནས་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་སྲིད་ཅེས་གསར་འགྱུར་སྤེལ།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༡༩༩༦་ནས་ཐེ་ཝན་ལ་དམངས་གཙོའི་ལམ་ནས་སྲིད་འཛིན་འོས་འདེམས་བྱ་རྒྱུ་འགོ་ཚུགས། ཧན་གོ་ཡུས་སྲིད་འཛིན་ཚེ་དབྱིན་ཝེན་གྱི་རྒྱ་ནག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་ཤིག་བཟུང་ཡོད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་སྟེ། ཁོ་པས་སྲིད་འཛིན་ཚེ་དབྱིན་ཝེན་གྱི་དབང་སྒྱུར་འོག་ཏུ་ཐེ་ཝན་པ་ཚོས་འདས་པའི་ལོ་གསུམ་ལྷག་གི་རིང་ལ་འཇིགས་སྣང་གི་འཚོ་བ་ཞིག་སྐྱེལ་བཞིན་ཡོད། ང་ཚོའི་མི་རབས་གསར་པ་ཚོར་མདུན་ལམ་བཟང་པོ་ཞིག་མིག་གིས་མཐོང་རྒྱུ་ཡོད་མེད་ངེས་གཏན་བྲལ། ང་ཚོ་དེ་ལ་བློ་འཚབ་ཆེན་པོ་ཡོད་ཅེས་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་སྲིད་འཛིན་ཚེ་དབྱིན་ཝེན་དང་དམངས་གཙོ་ཡར་ཐོན་ཚོགས་པས་ཧན་གོ་ཡུའི་ནི་རྒྱ་ནག་གི་ཕྱོགས་གཏོགས་པ་ཞིག་རེད། ཁོ་པས་འགོ་ཁྲིད་པའི་གོ་མིན་ཏང་སྲིད་དོན་ཚོགས་པས་ཐེ་ཝན་གྱི་བདག་དབང་དང་རང་བཙན་གཉིས་བློས་བཏང་སྟེ། ནམ་ཞིག་ཐེ་ཝན་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཐད་ཀར་ཚུད་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱིན་འདུག་ཅེས་དགག་པ་རྒྱག་རྒྱུ་ཉག་ཅིག་ཡིན་ཞིང་། ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་རྒྱ་ནག་ལ་བསྟུན་མཁས་དང་ཞི་བདེ། མཚོ་འགག་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་འཛིན་དགོས་པའི་ལངས་ཕྱོགས་བཟུང་ཡོད་པ་རེད།

ལོ་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་སྐབས་སུ་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་དང་ཐེ་ཝན་དང་ཨ་མི་རི་ཀའི་འབྲེལ་བ་རྣམས་མི་འབོར་ས་ཡ་༢༣་ཡོད་པའི་མཚོ་གླིང་དེའི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཞིག་ལ་འགྱུར་རྒྱུ་ཡིན་པའི་རྣམ་པ་མངོན། ཌེ་ཝྭི་ཌི་སན་མཐོ་སློབ་ཀྱི་སྲིད་དོན་རིག་པའི་སློབ་དཔོན་ཤཱེ་ལི་རི་གྷེར་གྱིས་ཧན་གོ་ཡུའི་ལ་རྒྱབ་སྐྱོར་པ་མང་པོ་ཡོད་པ་བདེན། ཡིན་ནའང་ཁོ་པས་ཐེ་ཝན་གྱི་རྩ་དོན་མང་པོ་ཞིག་བློས་གཏོང་མ་དགོས་པར་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་ཐུབ་རྒྱུ་ཡིན་མིན་ནི་ཐེ་ཚོམ་རེད་ཅེས་བཤད། ལོ་གཉིས་ཀྱི་སྔོན་དེར་ཧན་གོ་ཡུའི་ཐེ་ཝན་གྱི་སྲིད་སྟེགས་སུ་མི་ཚོས་ངོ་མི་ཤེས་པའི་སྐྱེ་བོ་ཡིན་རུང་སྔ་ལོ་ཐེ་ཝན་གྱི་ས་གནས་རིམ་པ་དང་གྲོང་ཁྱེར་སྤྱི་ཁྱབ་རིམ་པའི་འོས་འདེམས་སྐབས་སུ་ཧན་གོ་ཡུའི་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ལ་འོས་འདེམས་བྱུང་བར་མ་ཟད། ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་དབང་གི་འབྱུང་ཁུངས་དང་དམངས་གཙོ་ཡར་ཐོན་ཚོགས་པས་ལོ་མང་རིང་དབང་སྒྱུར་བྱ་ཡུལ་གའོ་ཤུང་གྲོང་ཁྱེར་དེ་ཉིད་གོ་མིན་ཏང་གི་དབང་སྒྱུར་འོག་ཏུ་ཚུད། ད་ལོ་གོ་མིན་ཏང་གི་ཚོགས་མི་ཚོས་ཧན་གོ་ཡུའི་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་བདམས།

ཧན་གོ་ཡུའི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་འདེམས་ཐོན་བྱུང་རུང་ཁོ་པར་ཁ་གཏད་པ་མེད་པ་ཞིག་མིན། དཔེར་ན་ཐེ་ཝན་གྱི་བཟོ་ཚོང་བདག་པོ་ཊེ་རི་གོ་ཡིས་ངས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་ཧྭ་མིང་གོ་ཞེས་པའི་ཡུལ་ལུང་འདིར་སྲི་ཞུ་ཅི་ཞིག་བསྒྲུབ་ཐུབ་རྒྱུ་ཡིན་མིན་གྱི་བསམ་བློ་གཏོང་གི་ཡོད་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ། ད་དུང་ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཟུར་པ་ཀོ་ཝན་ཅཱེ་ཡང་སྲིད་དོན་ཚོགས་པ་གང་གི་ཁོངས་སུའང་མ་ཞུགས་པར་སྲིད་འཛིན་འོས་མིར་ལངས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་གོ་མིན་ཏང་སྲིད་དོན་ཚོགས་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་མ་ཐུབ་ན་སྲིད་འཛིན་ཚེ་དབྱིན་ཝེན་ལ་རང་གི་སྲིད་དོན་ཚོགས་པའི་ཁོངས་སུ་ཁ་གཏད་པ་མེད་པར་དམངས་གཙོ་ཡར་ཐོན་ཚོགས་པ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པའི་རེ་བ་ཡོད་སྲིད། སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་གྱི་བདག་དབང་ལ་སྲུང་སྐྱོབ་དང་པེ་ཅིང་གི་འདོད་མོས་ལྟར་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་མི་བྱེད་པ། ཐེ་ཝན་དང་རྒྱ་ནག་གཉིས་རྒྱལ་ཁབ་ཐ་དད་ཡིན་པའི་ལངས་ཕྱོགས་བཟུང་སྟེ་ཨ་མི་རི་ཀར་འབྲེལ་བ་ཡག་ཏུ་བཏང་སྟེ་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༠་ལྷག་གི་དེང་རབས་ཅན་གྱི་མཚོན་ཆ་བཙོངས། ད་ལྟ་ཨ་མི་རི་ཀ་དང་ཐེ་ཝན། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཧན་གོ་ཡུའི་ཐེ་ཝན་མི་དམངས་ཀྱིས་འོས་འདེམས་བྱས་ནས་འདེམས་ཐོན་བྱུང་བ་ཡིན་ན་ཁྱད་པར་མེད། འོན་ཀྱང་རྒྱ་ནག་གི་རྒྱབ་སྐྱོར་དང་རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་བྱས་ནས་ཧན་གོ་ཡུའི་འདེམས་ཐོན་བྱུང་བ་ཡིན་མིན་ལ་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

ལོ་ན་༦༢་ལ་སོན་པའི་ཐེ་ཝན་གྱི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ཧན་གོ་ཡུའི་རྒྱ་ནག་ལ་འབྲེལ་བ་དམ་ཟབ་ཡོད་པ་རྩོད་གཞི་ཆེན་པོ་ཞིག་ལ་འགྱུར་སྲིད། ད་ལོའི་མགོ་སྟོད་དེར་ཧན་གོ་ཡུའི་དང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཁག་ཅིག་ཐུག་འཕྲད་བྱུང་སྟེ་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་རྩ་དོན་ལ་ཁས་ལེན་བྱུང་། ཐེ་ཝན་རང་བཙན་ནི་མི་མང་ལ་འཇིགས་སྣང་སློང་སྤྱད་ཅིག་རེད་ཅེས་འགྲེལ་བཤད་བརྒྱབ་མྱོང་ཡོད་ཀྱང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་མཚོ་འགག་ཕྱོགས་གཉིས་ཧོང་ཀོང་ལྟར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱ་དགོས་པའི་གྲོས་གཞི་བཏོན་པར་ཧན་གོ་ཡུས་མོས་མཐུན་བྱ་འཆར་ཡོད་མེད་དང་། གལ་སྲིད་མེད་ན་ཧན་གོ་ཡུའི་ཡིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་ཇི་ལྟར་བྱེད་ཐུབ་རྒྱུ་ཡིན་མིན་སོགས་ཀྱི་འགྲེལ་བཤད་གསལ་པོ་ཞིག་བརྒྱབ་མེད། སྲིད་འཛིན་ཚེ་དབྱིན་ཝེན་གྱི་སྲིད་གཞུང་ལ་རྒྱ་ནག་གིས་ཕྱོགས་གང་ཐད་དུ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་ཞིང་། དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་མང་དག་ཅིག་གིས་ཐེ་ཝན་ལ་འབྲེལ་བ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས། ཐེ་ཝན་གྱི་དཔལ་འབྱོར་ཡང་སྔར་བཞིན་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པས་སྲིད་འཛིན་ཚེ་དབྱིན་ཝེན་ལ་ཕྱི་སྲིད་དང་ནང་སྲིད་གཉིས་ཀའི་ཐོག་ཏུ་དཀའ་ངལ་ཆེན་པོ་ཞིག་འཕྲད་འདུག

XS
SM
MD
LG