ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་གྱི་འོས་འདེམས་དང་རྒྱ་ནག་གི་ཐེ་གཏོགས།


༄༅།། ༢༠༢༠་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཐེ་ཝན་ལ་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་སོགས་འོས་འདེམས་བྱེད་ཀྱི་ཡོད་པས་སྲིད་འཛིན་ཚེ་དབྱིན་ཝེན་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་གཏན་འབེབས་བྱུང་། གཟའ་འཁོར་འདིར་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀ་བརྒྱུད་ནས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་ནས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་འགའ་ཞིག་ལྷག་ཡོད་པ་དེ་དག་ལ་འབྲེལ་བ་སྲ་བརྟན་གཏོང་གི་ཡོད། འོན་ཀྱང་ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པ་གོ་མིན་ཏང་གིས་སྲིད་འཛིན་འོས་མི་འདེམས་ཐོན་བྱུང་མེད། གོ་མིན་ཏང་སྲིད་དོན་ཚོགས་པའི་རྒྱབ་སྐྱོར་པ་ཚོར་གསར་འགོད་པས་བསམ་ཚུལ་འདྲི་ཞིབ་བྱས་པ་ལྟར་ན་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧན་ཀོ་ཡུའི་དང་ཧྥོཀ་སི་ཀོན་བཟོ་ཚོང་ལས་ཁང་གསར་འཛུགས་པ་ཊེ་རི་གོ་གཉིས་ལ་རྒྱབ་སྐྱོར་པ་མང་བ་ཡོད་ཅིང་། ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པས་སྲིད་འཛིན་འོས་མིར་སུ་ཞིག་གཏན་འབེབས་བྱུང་རུང་སྤྱི་ཡོངས་འོས་འདེམས་སྐབས་སུ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཁ་གཏད་དུ་ལངས་ནས་སྲིད་འཛིན་འོས་འདེམས་ལ་འགྲན་ཞུགས་བྱ་དགོས། བདུན་ཕྲག་རྗེས་མར་གོ་མིན་ཏང་གི་སྲིད་འཛིན་འོས་མིར་སུ་ཞིག་འདེམས་བསྐོ་བྱ་དགོས་མིན་ཐག་ཆོད་ཀྱི་ཡོད་པ་རེད།

གོ་མིན་ཏང་གི་སྲིད་འཛིན་འོས་མིར་སུ་ཞིག་འདེམས་ཐོན་བྱུང་རུང་ཐེ་ཝན་གྱི་སྤྱི་ཡོངས་འོས་འདེམས་ལ་རྒྱ་ནག་གཞུང་གིས་རྟོག་ཞིབ་གཟབ་ནན་བྱ་རྒྱུ་དང་ཧོང་ཀོང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱུང་བའི་རྗེས་སུ་ཐེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་གིས་ཀྱང་རྒྱ་ནག་ལ་འབྲེལ་བ་འཛིན་ཕྱོགས་དེར་བསམ་བློ་བསྐྱར་དུ་གཏོང་དགོས་བྱུང་ཡོད་པའི་གནས་ཚུལ་ཐོན། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཞེས་ཐེ་ཝན་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་འཇོག་ཐབས་དང་ཐེ་ཝན་ལ་དམག་གི་སྡིགས་ར་བསྐུལ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པར་བརྟེན། རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བར་བཟང་ངན་གྱི་འགྱུར་ལྡོག་ཅི་ཞིག་ཐེབས་ཀྱང་ཨ་མི་རི་ཀའི་ཕྱི་སྲིད་ལ་འབྲེལ་བ་ཆགས་ཡོད། ཁ་སྔོན་ཕྱི་ཟླ་༥་པར་ཨ་རིའི་གྲོས་ཚོགས་འོག་མས་སྤྱི་མོས་ཀྱིས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་ནས་རྒྱ་ནག་ལ་འབྲེལ་བ་འཛིན་དགོས་པའི་ཁྲིམས་འཆར་ཞིག་ལ་རྒྱབ་སྐྱོར་ཐོབ། ༢༠༡༦་ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚེ་དབྱིན་ཝེན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་བཟུང་སྟེ་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་སྡུག་ཏུ་སོང་། རྒྱ་ནག་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་མང་དག་ཅིག་ལ་འབྲེལ་བ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དེ་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་བཅུག་ནས་པེ་ཅིང་ལ་ཕྱི་འབྲེལ་བཙུགས། དེར་བརྟེན་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀས་དཔལ་འབྱོར་རོགས་རམ་གཅོད་དགོས་པའི་གླེང་སློང་ཤུགས་ཆེན་བྱས་འདུག

ད་ལྟ་ཐེ་ཝན་དང་ཨ་མི་རི་ཀ་སོགས་རང་དབང་དམངས་གཙོའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་ཐེ་ཝན་གྱི་འོས་འདེམས་ལ་ཐེ་གཏོགས་དང་དྲྭ་ལམ་ཁག་ཏུ་གསར་འགྱུར་རྫུན་མའམ། ཡང་ན་གསར་འགྱུར་ལོག་པ་སྤེལ་ནས་རྒྱ་ནག་གི་ལྟ་བ་དང་ལངས་ཕྱོགས་ལ་མཐུན་པའི་སྲིད་དོན་ཚོགས་པ་ཞིག་གི་སྲིད་འཛིན་འོས་མིར་རྒྱབ་སྐྱོར་བྱས་ནས་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཏུ་འཇུག་སྲིད་པའི་བློ་འཚབ་ཡོད་པ་སྟེ། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་མཁས་པ་གྷེ་ལ་སར་གྱིས་ཐེ་ཝན་གྱི་སྤྱི་ཚོགས་སུ་ལོ་རྗེས་མའི་འོས་འདེམས་དང་ཐེ་ཝན་གྱི་ཆབ་སྲིད་ལ་རྒྱ་ནག་གིས་ཐེ་གཏོགས་བྱ་སྲིད་པའི་བློ་དོགས་ཆེན་པོ་འདུག རྒྱ་ནག་གི་གནས་ཚུལ་ལོག་པ་སྒྲོགས་ཀྱི་ཡོད་པ་དང་ཐེ་ཝན་གྱི་ཚོགས་སྡེ་ཁག་ལ་དངུལ་སྒོར་གྱི་འགྲོ་གྲོན་བཏང་ནས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་རྟགས་མཚན་འདུག ཉེ་ཆར་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་རྒྱ་ནག་གི་ཕྱོགས་གཏོགས་གསར་འགྱུར་ལས་ཁང་ཁག་ཅིག་ལ་མི་མང་གིས་ངོ་རྒོལ་བྱས་ཡོད་པས་རྒྱ་ནག་གིས་མངོན་སུམ་འཛེམ་མེད་ཐོག་ཏུ་ཐེ་ཝན་མཚོ་གླིང་གི་སྲིད་དོན་ཚོགས་པ་གང་རུང་གི་སྲིད་འཛིན་འོས་མིར་ཐད་ཀར་རྒྱབ་སྐྱོར་བྱ་མི་ཕོད། དེ་ལྟར་བྱས་ན་རྒྱ་ནག་གིས་རྒྱབ་སྐྱོར་བྱ་ཡུལ་སྲིད་འཛིན་འོས་མི་དེར་གཏན་ནས་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་མི་སྲིད་ཅེས་བཤད།

ཐེ་ཝན་གྱི་ཉམས་ཞིབ་པ་ཀྲང་ཞེས་པ་ཞིག་གིས་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ལོ་རྗེས་མའི་འོས་འདེམས་ལ་དམིགས་ནས་ལས་འགུལ་ཅི་ཞིག་སྤེལ་རུང་ཁྱད་པར་མེད། སྲིད་འཛིན་ཚེ་དབྱིན་ཝེན་ལ་ལག་ཆ་སྟོབས་ཤུགས་ཅན་གཉིས་བཀོལ་སྤྱོད་བྱ་རྒྱུ་འདུག དེ་ནི་དམངས་གཙོ་དང་ཐེ་ཝན་གྱི་བདག་དབང་སྲུང་སྐྱོབ་གཉིས་ཡིན། ཐེ་ཝན་ཚུད་པའི་འཛམ་གླིང་ཡུལ་གྲུ་མང་དག་ཅིག་ལ་མི་དམངས་བློ་འགུགས་ཐུབ་པའི་སྲིད་དོན་པ་མང་པོ་ཞིག་ལ་སྟོབས་ཤུགས་རྒྱས་བཞིན་ཡོད་པས་སྲིད་འཛིན་ཚེ་དབྱིན་ཝེན་ལ་གུ་ཡངས་དང་དམངས་གཙོ། རང་དབང་དང་བདག་དབང་བཅས་ཀྱི་ལྟ་གྲུབ་རྩ་འཛིན་བྱེད་པའི་གོ་སྐབས་ཡོད། མ་མཐར་ཡང་རྒྱ་ཡིག་རྒྱ་སྐད་བཀོལ་སྤྱོད་བྱེད་བཞིན་པའི་འཇིག་རྟེན་དེར་སྲིད་འཛིན་ཚེ་དབྱིན་ཝེན་རང་དབང་དང་དམངས་གཙོ། ཐེ་ཝན་གྱི་བདག་དབང་སྲུང་སྐྱོབ་པ་ཞིག་ཡིན་པའི་རྣམ་པ་སྟོན་ཐུབ་པའི་གོ་སྐབས་ཡོད་ཅེས་བཤད། ད་ལོའི་མགོ་སྟོད་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་མཚོ་འགག་ཕྱོགས་གཉིས་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་གྱུར་བྱེད་ཆོག་ཅེས་གྲོས་གཞི་བཏོན། ཐེ་ཝན་གཞུང་གིས་འཕྲལ་དུ་ཞིས་ཅིན་ཕིང་གི་གྲོས་གཞི་དེར་དགག་པ་བརྒྱབ་པར་མ་ཟད། ཟླ་བ་སྔོན་མ་ནས་ཧོང་ཀོང་མི་དམངས་ཀྱིས་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་རབ་དང་རིམ་པ་ཞིག་བྱས་ནས་བཟུང་། ཐེ་ཝན་གྱི་སྤྱི་ཚོགས་སུ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་ཡིད་ཆེས་དང་རྩ་འཛིན་བྱེད་མཁན་སྔར་ལས་ཀྱང་ཇེ་ཉུང་དུ་ཕྱིན་ཡོད་པ་རེད།།

XS
SM
MD
LG