ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་ཚོང་ལས་ཆ་མཉམ་མེད་པའི་དཀའ་ངལ།


༄༅།། པེ་ཅིང་དུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པས་རྒྱ་དཀར་ནག་གཉིས་ཀས་གྲོས་མོལ་གཟབ་ནན་བྱས་ནས་རྒྱ་གར་ལ་བློ་འཚབ་ཡོད་པ་རྣམས་སེལ་ཐབས་བྱ་དགོས། གཞུང་ཚབ་པ་ཝྭིཀ་རམ་མཱི་སི་རིས་རྒྱ་དཀར་ནག་གི་ཚོང་ལས་ཨ་སྒོར་ཐེར་འབུམ་༥༣་ལྷག་ཆ་མཉམ་མེད་པ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཁག་པོ་ཡིན། རྒྱ་གར་ལ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་ཆབ་སྲིད་ཀྱི་གནད་དོན་ཞིག་ཏུ་མ་གྱུར་གོང་དུ་རྒྱ་ནག་གིས་གནད་དོན་དེ་ཐག་གཅོད་དང་རྒྱ་གར་གྱི་དངོས་ཟོག་རྣམས་རྒྱ་ནག་གིས་ནང་འདྲེན་བྱ་རྒྱུ་མང་དུ་གཏོང་ཐུབ་པའི་རེ་བ་ཡོད་ཅེས་ནན་བརྗོད་བྱས་འདུག སྐུ་ཞབས་མཱི་སི་རི་རྒྱ་ནག་ཏུ་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་པར་བསྐོ་བཞག་བྱས་ནས་དུས་ཡུན་ཟླ་བ་༦་ལས་ཕྱིན་མེད། ཁོང་ཧོང་ཀོང་དུ་བཅའ་སྡོད་རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ཁང་ལ་ཕེབས་ལ་པའི་སྐབས་སུ་གསར་འགོད་པར་རྒྱ་དཀར་ནག་གི་ཚོང་ལས་ཆ་མཉམ་མེད་པ་གླེང་སློང་བྱུང་ཡོད་པ་སྟེ། རྒྱ་དཀར་ནག་གཉིས་ཀྱིས་ཚོང་ལས་སྤྱི་དང་ལྷག་པར་དུ་རྒྱ་གར་གྱི་ཞིང་ལས་ཐོན་སྐྱེད་ལ་རྒྱ་ནག་གི་ཁྲོམ་ར་སྒོ་འབྱེད་བྱ་དགོས་པའི་གྲོས་མོལ་གཟབ་ནན་ཞིག་བྱ་དགོས་ཀྱིན་འདུག་ཅེས་བཤད།

ད་ལྟ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་ལངས་ནས་ལོ་གཅིག་འགྲོ་བཞིན་ཡོད་པས་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་རང་ལ་གོ་སྐབས་ཅི་ཞིག་ཡོད་མེད་དམ་འཛིན་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱིས་རྒྱ་ནག་ལ་དམར་རྩི་དང་འབྲསཉ་ཤའི་རིགས་དང་ཟ་སྣུམ། རྡོ་ཐ་བཅས་པ་ཕྱིར་ཚོང་བྱེད་ཆོག་པའི་གྲོས་མཐུན་འགའ་ཞིག་ལ་མིང་རྟགས་བཀོད། རྒྱ་གར་གྱི་གཞུང་ཚབ་པ་མཱི་སི་རིས་ང་ཚོས་རྒྱ་གར་གྱི་དངོས་ཟོག་རྣམ་གྲངས་མང་པོ་ཞིག་ལ་རྒྱ་ནག་ལ་ཕྱིར་ཚོང་བྱེད་ཆོག་པའི་གྲོས་བསྡུར་རིམ་པ་ཞིག་བྱ་འཆར་ཡོད། འོན་ཀྱང་དེའི་སྔོན་ལ་གྲོས་མཐུན་བྱུང་ཟིན་པ་རྣམས་དངོས་སུ་ལག་ལེན་བསྟར་རྒྱུ་གནད་འགག་ཆེན་པོ་ཞིག་ལ་གྱུར་ཡོད། རྒྱ་གར་གྱི་ཕྱིར་ཚོང་ལས་དོན་མང་དག་ཅིག་མངའ་སྡེ་རིམ་པས་ཐག་གཅོད་བྱེད་ཀྱི་ཡོད་པས་རྒྱ་གར་དབུས་གཞུང་གིས་ཕྱོགས་གཉིས་ཀྱི་ཚོང་ལས་ལ་འགན་ཁུར་ཆེ་ཙམ་ལེན་ཐུབ་པ་རེ་བ་ཡོད། ད་དུང་རྒྱ་ནག་གཞུང་གིས་ཀྱང་རྒྱ་དཀར་ནག་གི་ཚོང་ལས་ཆ་མཉམ་མེད་པ་སྙོམས་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་པའི་རྣམ་འགྱུར་གསལ་པོ་ཞིག་སྟོན་གལ་ཆེ། དཔལ་འབྱོར་རིག་པའི་ལམ་ནས་བལྟས་ན་ཚོང་ལས་ཆ་མཉམ་མེད་པ་ཕུགས་རྒྱང་རིང་པོར་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་མིན། རྒྱ་གར་ལ་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་ཆབ་སྲིད་ཀྱི་གནད་དོན་ཞིག་ལ་འགྱུར་སྲིད་ཅེས་བཤད

རྒྱ་གར་གྱི་ཚོང་དོན་ལྷན་ཁང་གི་ཕྱོགས་བསྡོམས་གྲངས་འབོར་ལ་བལྟས་ན་སྔ་ལོ་རྒྱ་དཀར་ནག་གི་ཚོང་ལས་ཆ་མཉམ་མེད་པ་ཨ་སྒོར་ཐེར་འབུམ་༥༣་དང་གྲངས་ཆུང་༦་ཡིན་པས་ཚོང་ལས་ཆ་མཉམ་མེད་པ་ཨ་སྒོར་ཐེར་འབུམ་༡༠་ཉུང་དུ་སོང་འོན་ཀྱང་ཧོང་ཀོང་དང་རྒྱ་གར་གྱི་ཚོང་ལས་སྒོར་ཐེར་འབུམ་༥་མང་དུ་ཕྱིན་འདུག ༢༠༡༧་ལོར་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་དམག་འཁྲུག་རྒྱག་གྲབས་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་ཀྱང་དེ་ནས་བཟུང་སྟེ་རྒྱ་དཀར་ནག་གི་ཚོང་ལས་དང་ཕྱི་འབྲེལ་སོགས་སླར་གསོ་བྱུང་ཡོད་པར་མ་ཟད། སྔ་ལོ་རྒྱ་གར་གྱི་སྲིད་བློ་མོ་དྷི་དང་རྒྱ་ནག་གི་སྲི་འཛིན་ཞིས་ཅིན་ཕིང་གཉིས་རྒྱ་ནག་ཏུ་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་དམ་ཟབ་ཏུ་གཏོང་བའི་དུས་སྐབས་ཤིག་འགོ་འཛུགས་བྱ་དགོས་པའི་གྲོས་མཐུན་བྱུང་། ལོ་མཇུག་འདིར་ཞིས་ཅིན་ཕིང་དང་མོ་དྷི་གཉིས་རྒྱ་གར་གྱི་ས་གནས་ཤིག་ཏུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་འདུག ཡིན་ནའང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ་དང་རྒྱ་གར་རྒྱ་མཚོའི་ནང་དུ་རྒྱ་ནག་གི་དམག་ཤུགས་རྒྱ་ཁྱབ་འགྲོ་བ། རྒྱ་ནག་གིས་པ་ཀི་སི་ཐན་ལ་དམག་དོན་དང་དཔལ་འབྱོར། ཚོང་ལས་བཅས་ཀྱི་འབྲེལ་བ་སྣ་མང་ཞིག་བཟུང་ཡོད་པའི་འགལ་ཟླའི་ཐོག་ཏུ་རྒྱ་དཀར་ནག་གཉིས་མཐུན་གྱི་མེད་པ་སོར་གནས་ཡིན་པ་རེད།

རྒྱ་གར་གྱི་གཞུང་ཚབ་པས་རྒྱ་དཀར་ནག་ལྟ་བུའི་རྒྱལ་ཁབ་ཆེན་པོ་གཉིས་ལ་མཚོན་ན་ཕྱོགས་གཉིས་མི་མཐུན་ས་དང་འགྲན་རྩོད་བྱུང་ས་ཡོད་པ་ཆོས་ཉིད་ཡིན། རྒྱ་དཀར་ནག་གཉིས་མཉམ་འབྲེལ་བྱ་ཐུབ་ས་ནི་མི་མཐུན་ས་དང་འགལ་རྐྱེན་འབྱུང་ས་ལས་ཀྱང་མང་བ་ཡོད་ཅེས་བཤད། དེང་སྐབས་ཨ་མི་རི་ཀས་རང་ཁེ་སྲུང་སྐྱོབ་ཀྱི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པར་རྒྱ་ནག་དང་ཨུ་རུ་སུ། རྒྱ་གར་གསུམ་གྱིས་འགོག་རྒོལ་བྱེད་ཀྱི་ཡོད་པ་སྟེཉེ་ཆར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་འདུ་ཚོགས་པའི་སྐབས་དེར་མོ་དྷི་དང་ཕུ་ཀྲིན། ཞིས་ཅིན་ཕིང་གསུམ་ཐུག་འཕྲད་གྲོས་མོལ་བྱུང་ཞིང་། ད་ལོའི་མགོ་སྟོད་དེར་ཨ་མི་རི་ཀས་རྒྱ་གར་ལ་དམིགས་བསལ་ཁྲལ་ཆག་གི་ཚོང་ལས་ཐོབ་ཐང་ཞིག་སྤྲོད་ཀྱི་ཡོད་པ་ཕྱིར་འཐེན་བྱས་པས་རྒྱ་གར་གྱིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་རྣམ་གྲངས་མང་པོ་ཞིག་ལ་སྒོ་ཁྲལ་སྤར། རྒྱ་གར་གྱི་ཨུ་རུ་སུ་ནས་མེ་ཤུགས་འཕུར་མདེལ་འགོག་སྲུང་མཚོན་ཆ་ནང་འདྲེན་བྱས་པ་དང་ཨི་རན་ནས་རྡོ་སྣུམ་ནང་འདྲེན་བྱས་པར་ཨ་མི་རི་ཀས་སྐྱོན་བརྗོད་བྱས་འདུག

རྒྱ་གར་གྱི་གཞུང་ཚབ་པས་ཨ་མི་རི་ཀ་དང་རྒྱ་གར་གྱི་ཚོང་ལས་ཐོག་ཏུ་མི་མཐུན་པ་འབྱུང་གི་ཡོད་པ་དེར་ཚོང་དམག་ཅེས་ཐ་སྙད་སྦྱོར་ཆོག་པའི་ཚད་དེར་སླེབས་མེད། ང་ཚོའི་ལངས་ཕྱོགས་ནི་མུ་མཐུད་དུ་རང་གི་ཚོང་གྲོགས་རྒྱལ་ཁབ་ཁག་ལ་གྲོས་མོལ་བྱ་རྒྱུ་དང་ཕྱོགས་གཉིས་ཀའི་ལྟ་ཚུལ་གླེང་བ། ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཐབས་ལམ་ཞིག་འཚོལ་བཞིན་ཡོད་པ་ཧ་ཅང་གསལ་པོ་ཡིན་ཞེས་བཤད། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་རྣམས་བཀོལ་སྤྱོད་མི་བྱེད་པའི་རྒྱུད་སྐུལ་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གྱིས་ཧྭ་ཝེའི་བརྡ་འཕྲིན་བཟོ་ཚོང་ལས་ཁང་གི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་བཀོལ་སྤྱོད་བྱ་རྒྱུ་ཡིན་མིན་གྱི་ཐག་གཅོད་བྱས་མེད། རྒྱ་གར་གྱི་གཞུང་ཚབ་པས་ང་ཚོས་རང་གི་བདེ་འཇགས་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གཞིགས་ནས་ཧྭ་ཝེའི་འཕྲུལ་རབས་ལྔ་པའི་བརྡ་འཕྲིན་མ་ལག་བཀོལ་སྤྱོད་བྱ་དགོས་མིན་ཐག་གཅོད་བྱ་འཆར་ཡོད་ཅེས་བསྒྲགས། ད་སྔ་རྒྱ་གར་གྱི་ཁ་པར་ལས་ཁང་མང་དག་ཅིག་གིས་རྒྱ་ནག་གི་བརྡ་འཕྲིན་མ་ལག་བཀོལ་སྤྱོད་བྱེད་ཀྱི་ཡོད་པས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཡོ་བྱད་ཁག་ཅིག་སྔར་བཞིན་བཀོལ་སྤྱོད་བྱ་སྲིད།

ཟླ་བ་རྗེས་མར་རྒྱ་ནག་ལ་ཨེ་ཤི་ཡའི་མངའ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཞེས་རྒྱལ་ཁབ་༡༦་གི་ཚོང་ལས་མཐུན་ཚོགས་ཤིག་འཛུགས་དགོས་པའི་གྲོས་བསྡུར་བྱ་འཆར་ཡོད་ཅིང་། རྒྱ་གར་མཐུན་ཚོགས་དེའི་གྲོས་བསྡུར་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པའི་རྒྱལ་ཁབ་ཅིག་ཡིན་རུང་རྒྱ་གར་གྱིས་རྒྱལ་ཁབ་༡༦་གི་ཁྲོམ་རའི་ནང་དུ་རྒྱ་ནག་གི་དངོས་ཟོག་ཚོད་འཛིན་མེད་པར་བཙོང་མི་ཆོག་པའི་ཁྲིམས་དམ་པོ་ཞིག་ཐོག་མ་ནས་གཏནའབེབས་བྱ་དགོས་པའི་དགོས་འདུན་བཏོརྒྱ་གར་གྱི་གཞུང་ཚབ་པས་ད་སྔ་གྲོས་གཞི་མང་ཆེ་བ་ཚོང་ལས་ལ་ཐུག་འདུག རྒྱ་ནག་ལ་དངོས་ཟོག་ཕྱིར་ཚོང་བྱེད་ཐུབ་པའི་ཁེ་སང་ཆེན་པོ་ཡོད་ཀྱང་རྒྱ་གར་གྱི་མཐུན་རྐྱེན་བསྒྲུབ་ཐུབ་པ་ཁག་ལ་མ་རྩ་འཛུགས་རྒྱུ་མང་པོ་ཞིག་མི་འདུག རྒྱ་གར་ནི་ད་དུང་ཡང་ཡར་རྒྱས་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས་རང་གི་ཁེ་ཕན་ལ་སྲུང་སྐྱོབ་མ་བྱས་ཐབས་མེད་ཅེས་བཤད་འདུག

XS
SM
MD
LG