ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་གནད་དོན་དང་ཞིས་ལ་གནོན་ཤུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་དགོས་པའི་རེ་འདུན་བཏོན། ད་ལྟའི་དངོས་ཡོད་གནས་སྟངས་ཀྱི་ངོས་ནས་བལྟས་ན་ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གཞུང་གི་འདོད་པ་ལྟར་ཐག་གཅོད་བྱེད་ཐུབ་པ་ཞིག་གཏན་ནས་མིན། རྒྱ་ནག་གི་སྲིད་འཛིན་ལ་ཕྱི་ནང་གཉིས་སུ་གནོན་ཤུགས་ཆེན་པོ་ཐེབས་ཀྱི་ཡོད་ཅིང་། དཔེར་ན་ཉེ་ཆར་སྤྱི་ཟླ་༧་པའི་ཚེས་༢་ཉིན་ཨ་རིའི་རིག་མཛོད་ཅེས་པའི་རིག་གཞུང་གླེང་སྟེགས་ཀྱི་རྒྱལ་སྤྱིའི་གནད་དོན་དང་འཐབ་ཇུས་ཞིབ་འཇུག་ཁང་གི་སློབ་སྟོན་པ་བྷ་ནེ་གྷི་ལ་ཌི་ཟིར་གྱིས་ཨ་རི་དང་ཐེ་ཝན་གྱི་འབྲེལ་བར་གཏམ་བཤད་བྱས་དོན། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་ཐོག་ཏུ་གཉའ་ཆག རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ནང་ཁུལ་དུ་ཞིས་ཅིན་ཕིང་ལ་ཐེ་ཝན་གྱི་གནད་དོན་ཐོག་ཏུ་གཉའ་ཆག་ཡོད་པ་ཤེས་རྟོགས་བྱུང་ན་གནད་དོན་འདིར་ཁ་གཡར་ནས་ཞིས་ཅིན་ཕིང་ལ་གནོན་ཤུགས་སྤྲོད་སྲིད་པ་རེད་ཅེས་བཤད།

ཉམས་ཞིབ་པ་དེས་ང་ལ་རྒྱ་ནག་གི་གནས་ཚུལ་དེ་དང་འབྲེལ་བ་ཡོད་མཁན་མི་འགའ་ཞིག་གིས་བཤད་པ་ལྟར་ན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་ཡང་རྒྱ་ནག་གི་ཐེ་ཝན་ལས་དོན་ཁང་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འདོད་པ་ཁེངས་ཀྱི་མེད་པའི་སྟབས་ཀྱིས་ཞིས་ཅིན་ཕིང་གི་གནོན་ཤུགས་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག་ཅེས་བཤད་པ་གོ་ཐོས་བྱུང་། ལོ་རྗེས་མར་ཐེ་ཝན་ལ་སྲིད་འཛིན་འོས་འདེམས་བྱ་དགོས་པ་དང་སྲིད་འཛིན་འོས་མི་ཚོས་འོས་འདེམས་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་ལ་མཚོན་ན་རང་གི་མཐུན་ཕྱོགས་སུ་འགྱུར་པའི་ཐེ་ཝན་གྱི་གོ་མིན་ཏང་སྲིད་དོན་ཚོགས་པའམ། ཡང་ན་རྒྱ་ནག་ལ་སྲིད་ཇུས་མཁྲེགས་འཛིན་བྱེད་མཁན་མིན་ཅིན་ཏང་གཉིས་ཀྱི་སྲིད་འཛིན་འོས་མི་སུ་ཞིག་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་དགེ་མཚན་ཆེ་མིན་གནད་འགག་ཆེན་པོ་ཞིག་ཏུ་གྱུར། གལ་སྲིད་གོ་མིན་ཏང་གི་འོས་མི་ཞིག་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་མ་འོངས་པར་རྒྱ་ནག་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་སྟབས་བདེ་རུ་འགྲོ་སྲིད་པའི་རེ་བ་ཡོད་པ་རེད།

ཉེ་ཆར་ཧོང་ཀོང་དུ་དོགས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱརྒྱུ་དེར་ཧོང་ཀོང་མི་དམངས་ས་ཡ་མང་པོས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོི་ཐེངས་༣་སྤེལ་ཡོད་པར་བརྟེན། ཐེ་ཝན་མི་དམངས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝན་ལ་རྒྱལ་ཁབ་གཅིགདང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་ཆོག་ཟེར་པ་དེར་དོགས་ཟོན་ཆེན་པོ་བྱ་དགོས་པ་ཞིག་ཏུ་གྱུར། སྤྱི་ཟླ་༧་ཚེས་༢་ཉིན་ཐེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ལྷན་ཁང་གི་འགན་འཛིན་ཁྲིན་མིན་ཐུང་གིས་ཐེ་ཝན་མི་དམངས་ཀྱིས་ཧོང་ཀོང་གི་གནས་སྟངས་འདི་མཐོང་ཡོང་དུས་རྒྱ་ནག་གཞུང་གིས་ལག་ལེན་བསྟར་ཆོག་ཟེར་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེར་ཐེ་ཝན་གྱིས་ངོས་འཛིན་ཇི་ལྟར་བྱ་དགོས་མིན་ཐད་དུ་མི་ཚང་མར་ངོས་ཟིན་གསལ་པོ་ཐོབ་ཡོད་ཅེས་བཤད་འདུག

ད་ལྟ་ཐེ་ཝན་གྱི་གོ་མིན་ཏང་གི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཚོའི་གྲས་སུ་ཐེ་ཝན་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དེར་མོས་མཐུན་བྱེད་མཁན་ཚོའི་ལངས་ཕྱོགས་ལའང་འགྱུར་བ་ཆེན་པོ་ཐེབས་ཡོད་ཅིང་། གོ་མིན་ཏང་གི་ཚོགས་མི་ཚོས་རྒྱབ་སྐྱོབ་ཚད་མཐོན་པོ་བྱེད་ཀྱི་ཡོད་པའི་སྲིད་འཛིན་འོས་མི་ཧན་ཀོ་ཡུས་ཀྱིས་ཀྱང་ཁོ་པ་ཐེ་ཝན་གྱི་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འདི་ཐེ་ཝན་ལ་གཏན་ནས་ལག་བསྟར་བྱ་རུ་འཇུག་མི་སྲིད་ཅེས་བཤད། སྲིད་འཛིན་འོས་མི་གཞན་པ་ཀོ་ཐེ་མིན་གྱིས་ཀྱང་ང་ཚོས་ཧོང་ཀོང་གི་གནས་སྟངས་ལ་བལྟས་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ནི་སོ་སོ་ཕམ་ཉེས་སུ་གཏོང་ཐབས་ཤིག་རེད་ཅེས་གཏམ་བཤད་བྱས་འདུག་པས་ཐེ་ཝན་གནད་དོན་དེས་ཞིས་ཅིན་ཕིང་ལ་ཕྱི་ནང་གཉིས་ནས་གནོན་ཤུགས་ཆེན་པོ་ཐེབས་ཀྱི་ཡོད་པའི་ངོས་འཛིན་བྱེད་བཞིན་པ་རེད།

XS
SM
MD
LG