ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཐེ་ཝན་གྱི་གནད་དོན་དང་ཞིས་ཅིན་ཕིན་གྱི་གནོན་ཤུགས།


ཐེ་ཝན
please wait

No media source currently available

0:00 0:02:55 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཐེ་ཝན་གནད་དོན་གྱི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱིས་ཐེ་ཝན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་རེ་འདུན་བཏོན་ཡོད་ནའང་། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ཐེ་ཝན་གྱི་གནད་དོན་ནི་རྒྱ་ནག་གཞུང་གི་འདོད་པ་ལྟར་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མ་ཡིན་པར་རྒྱ་ནག་གི་སྲིད་འཛིན་ལ་ཕྱི་ནང་གཉིས་ནས་གནོན་ཤུགས་ཆེན་པོ་ཕོག་གི་ཡོད་པ་རེད། ཉེ་ཆར་སྤྱི་ཟླ༧པའི་ཚེས་གཉིས་ཉིན་ཨ་རིའི་རིག་མཛོད་ཅེས་པའི་རིག་གཞུང་གླེང་སྟེགས་ཀྱི་རྒྱལ་སྤྱིའི་གནད་དོན་དང་འཐབ་ཇུས་ཞིབ་འཇུག་ཁང་གི་སློབ་སྟོན་པ་བྷ་ནས་ གྷི་ལད་གཟིར་གྱིས་ཨ་རི་དང་ཐེ་ཝན་གྱི་འབྲེལ་བའི་ཐད་ཀྱི་བགྲོ་གླེང་སྟེང་གཏམ་བཤད་བྱས་པའི་ནང་དོན་ལྟར་ན། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་དེ་ཐེ་ཝན་མཚོ་འགག་འགྲམ་གཉིས་ཀྱི་གནད་དོན་གྱི་ཐད་ནས་གཉའ་ཆག་ཡོད་པ་དང་། རྒྱ་ནག་གི་མཐོ་རིམ་མགོ་ཁྲིད་ནང་ཁུལ་དུ་ཞིས་ཅིན་ཕིན་ཐེ་ཝན་གནད་དོན་གྱི་ཐད་ནས་གཉའ་ཆག་ཡོད་པ་ཤེས་རྟོགས་བྱུང་ཚེ་ཁོ་ཚོས་གནད་དོན་འདི་ལ་ཁ་གཡར་ནས་ཞིས་ཅིན་ཕིན་ལ་གནོན་ཤུགས་སྤྲོད་སྲིད་པ་རེད་ཅེས་དང་། ང་ལ་རྒྱ་ནག་གི་གནས་ཚུལ་དེ་དང་འབྲེལ་བ་ཡོད་མཁན་གྱིས་བཤད་པ་ལྟར་ན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་ནས་ཀྱང་ད་ལྟའི་རྒྱ་ནག་ཐེ་ཝན་ལས་དོན་ཁང་གིས་ཐེ་ཝན་གྱི་སྟེང་དུ་བཟུང་བའི་སྲིད་ཇུས་ཀྱི་ངོས་ནས་འདོད་པ་ཁེངས་ཀྱི་མེད་པའི་སྟབས་ཀྱིས་ཞིས་ཅིན་ཕིན་གྱི་གནོན་ཤུགས་ཆེ་ནས་ཆེ་རུ་འགྲོ་བཞིན་འདུག་ཅེས་བཤད་འདུག ལོ་རྗེས་མའི་ནང་ཐེ་ཝན་གྱི་སྲིད་འཛིན་བསྐྱར་དུ་འོས་འདེམས་བྱ་དགོས་པ་དང་། སྲིད་འཛིན་འོས་མི་དག་གིས་འོས་འགྲན་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་གཞུང་ལ་མཚོན་ན་སོ་སོའི་མཐུན་ཕྱོགས་ཆགས་ཡོད་པའི་ཀོ་མིན་ཏང་གི་ཆབ་སྲིད་ཚོགས་པ་དང་རྒྱ་ནག་གི་སྟེང་སྲིད་འཛིན་ཇུས་མཁྲེགས་པོ་འཛིན་མཁན་གྱི་མིན་ཅིན་ཏང་གཉིས་ཀྱི་འོས་མི་སུ་ཞིག་ལ་སྲིད་འཛིན་ཐོབ་མིན་ནི་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་ལ། གལ་སྲིད་གོ་མིན་ཏང་གི་འོས་མི་ཞིག་སྲིད་འཛིན་ཆགས་ན་མ་འོངས་བར་ཐེ་ཝན་དུ་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུར་མཐུན་འགྱུར་རོགས་རམ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ནའང་། ཉེ་ཆར་ཧོང་ཁོང་དུ་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞིར་འགྱུར་བ་གཏོང་རྒྱུའི་ཐད་ཧོང་ཁོང་མི་དམངས་ས་ཡ་བརྒལ་བས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོི་ཐེངས་་ལ་སྤེལ་ཡོད་པར་བརྟེན་ཐེ་ཝན་མི་དམངས་ཀྱི་ངོས་ནས་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་ཐད་དོགས་པ་ཆེན་པོ་ཞིག་བསླངས་ཡོད་ཅིང་། ཉེ་ཆར་སྤྱི་ཚེས་ཀྱི་ཉིན་ཐེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་ཁྲིན་མིན་ཐུང་གིས་ཀྱང་། ད་ལྟ་ཐེ་ཝན་མི་དམངས་ནས་ཧོང་ཁོང་གི་གནས་སྟངས་འདི་མཐོང་ཡོང་དུས་རྒྱ་ནག་གི་གཞུང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་དེ་ངོས་ལེན་མི་བྱ་རྒྱུར་ཐེ་ཝན་གྱི་མི་ཚང་མར་ངོས་ཟིན་ཐོབ་ཡོད་པ་རེད་ཅེས་ཀྱང་བཤད་འདུག གཞན་ཡང་ད་སྔ་ཐེ་ཝན་ཀོ་མིན་ཏང་གི་སྲིད་འཛིན་འོས་མིའི་གྲས་ཀྱི་ཐེ་ཝན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུར་མོས་མཐུན་བྱེད་མཁན་གྱི་འོས་མི་དག་གི་ལངས་ཕྱོགས་ལ་ཡང་ད་ལྟ་འགྱུར་བ་ཆེན་པོ་ཐེབས་ཡོད་དེ། རྒྱབ་སྐྱོབ་ཀྱི་ཚད་མཐོན་པོ་ཡིན་པའི་ཀོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་ཀོ་ཡུས་ཀྱིས་ཀྱང་། གལ་སྲིད་ཁོ་རང་ཐེ་ཝན་གྱི་སྲིད་འཛིན་ཆགས་པ་ཡིན་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འདི་ཐེ་ཝན་དུ་གཏན་ནས་ལག་བསྟར་བྱ་རུ་འཇུག་མི་སྲིད་ཅེས་དང། ཡང་སྲིད་འཛིན་འོས་མི་ཀོ་ཐེ་མིན་གྱིས་ཀྱང་ང་ཚོས་ཧོང་ཁོང་གི་གནས་སྟངས་ལ་བལྟ་དུས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ཕམ་ཉེས་ཀྱི་བྱེད་ཐབས་ཤིག་རེད་གཏམ་བཤད་བྱས་འདུག་པ་སོགས་ལས་ཀྱང་། ཐེ་ཝན་གནད་དོན་གྱི་ངོས་ནས་ཕྱི་ནང་གཉིས་ཀར་ཞིན་ཅིན་ཕིན་ལ་གནོན་ཤུགས་ཆེན་པོ་ཐེབས་ཀྱི་ཡོད་པའི་ངོས་འཛིན་བྱེད་བཞིན་པ་རེད།

XS
SM
MD
LG