ཉེ་ཆར་ཨ་རིའི་ནེའུ་ཡོག་དུས་བབ་དང་དབྱིན་ཡུལ་གྱི་གྷར་ཌིན་ཚགས་པར། འཇར་མན་ལྷོ་རྒྱུད་ཚགས་པར་བཅས་ཐུན་མོང་གིས་བརྟག་དཔྱད་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་ཡོད་ཅིང་། སྙན་ཐོ་དེར་རྒྱ་ནག་གཞུང་གིས་ཞིན་ཅང་དུ་འགྲོ་མཁན་ཕྱིའི་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་སོགས་ཀྱི་ཁ་པར་ནང་དུ་མི་སྒེར་གྱི་གསང་བའི་གནས་ཚུལ་སོགས་གསོག་འཇོག་བྱེད་ཡོད་པ་རྣམས་ལྟ་ལེན་བྱེད་ཐུབ་པའི་སྙི་ཆས་ནང་འཇུག་བྱེད་ཀྱི་ཡོད་པའི་གནས་ཚུལ་འཁོད་འདུག
བརྟག་དཔྱད་སྙན་དེར་ཞིན་ཅང་གི་ས་མཚམས་སུ་ཆགས་པའི་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཀིར་གྷི་སི་ཐན་ནས་ཞིན་ཅང་དུ་འགྲོ་མཁན་རྣམས་ལ་དམིགས་བསལ་གྱིས་དོ་དམ་བྱེད་ཀྱི་ཡོད་པ་སྟེ། མཐའ་མཚམས་འགག་སྒོ་སྲུང་མཁན་ཚོས་ཡུལ་སྐོར་བ་རྣམས་ཀྱི་ཁ་པར་བླངས་ནས་ལྐོག་ཏུ་ཁ་པར་ནང་དུ་གནས་ཚུལ་རྐུ་ལེན་བྱེད་ཐུབ་པའི་ཧྥིན་ཚད་ཅེས་པའི་སྙི་ཆས་རིགས་ཤིག་ནང་འཇུག་བྱེད་ཀྱི་ཡོད་པ་དང་སྙི་ཆས་དེས་ཁ་པར་གྱི་བདག་པོའི་ཡིག་ཟམ་དང་འཕྲིན་ཐུང་། འབྲེལ་གཏུགས་བྱ་ཡུལ་གྱི་མིའི་ཁ་བྱང་སོགས་སྒེར་གྱི་གནས་ཚུལ་རྣམས་ལྐོག་ནས་བསྡུ་ལེན་ཉར་ཚགས་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། དོ་བདག་སོ་སོའི་ཁ་པར་ནང་དུ་གསོག་ཉར་བྱས་ཡོད་པའི་ཁ་པར་ཨང་གྲངས་དང་འདྲ་པར། བརྙན་ཐུང་། སྒྲ་སྐད་དང་ཡིག་ཆ་སོགས་ཀྱང་ལྐོག་ལེན་བྱེད་ཐུབ་སྐད། རྒྱ་གཞུང་གིས་ཆེད་དུ་དམིགས་ནས་ལྐོག་ལེན་བྱ་རྒྱུ་རྒྱུའི་གནས་ཚུལ་གྱི་བརྗོད་བྱ་ལ་རིགས་མི་འདྲ་བ་༧༣༠༠༠་ལྷག་ཡོད་པ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་ཡོད་པ་རེད།
རྒྱ་གཞུང་གིས་བསྡུ་ལེན་བྱེད་པའི་གནས་ཚུལ་དེ་དག་གི་གྲས་སུ་ཁ་ཆེ་རྒྱལ་ཁབ་ཀྱི་འཇིགས་སྐུལ་བས་སྤེལ་བའི་ཡིག་ཆའི་རིགས་དང་ཁ་ཆེའི་ཆོས་ལུགས་མཐའ་ལྷུང་རིང་ལུགས་ལ་བསྟོད་གླུ། འདྲ་པར་དང་འཇིགས་སྐུལ་དྲག་སྤྱོད་པར་འབྲེལ་བ་གཏན་ནས་མེད་པར་དྲྭ་ལམ་དུ་ཕབ་ལེན་བྱེད་ཐུབ་པའི་ཨ་རབ་ཚིག་མཛོད ཁ་ཆེའི་ཀོ་རན་བཀའ་དེབ་ལྗགས་ཀློག་གི་སྒྲ་སྐད། ༧གོང་ས་ཏཱ་ལའི་བླ་མཆོག་གི་སྐུ་པར། ད་དུང་ཉི་ཧོང་གི་གླུ་གཞས་ཤིག་ཀྱང་བཀག་སྡོམ་དེའི་གྲས་སུ་ཚུད། ཞིན་ཅང་དུ་ཕྱིན་པའི་ཡུལ་སྐོར་བ་ཁ་ཤས་ཀྱིས་དངོས་མཐོང་གི་མྱོང་བ་བཤད་པ་ལྟར་ན་རྒྱ་ནག་གི་མཐའ་མཚམས་སྲུང་མཁན་ཚོས་ཡུལ་སྐོར་བ་རྣམས་ཀྱི་ཁ་པར་ནང་དུ་སྙི་ཆས་ཤིག་ནང་འཇུག་བྱས་ནས་དོ་བདག་ལ་ཁ་པར་ཕྱིར་སློག་བྱས་ཀྱང་ཁ་པར་ནང་དུ་ཅི་ཞིག་བཅུག་པ་གསལ་བཤད་བྱེད་ཀྱི་མེད་ཅིང་། དེས་ན་ཨན་ཌི་རོའི་མ་ལག་ཡིན་པའི་ཁ་པར་ནང་དུ་གོང་གི་སྙི་ཆས་དེ་ཉིད་ཐད་ཀར་ནང་འཇུག་བྱེད་ཐུབ་པ་དང་ཀུ་ཤུའི་ཁ་པར་གྱི་ནང་དུ་བརྟག་དཔྱད་ཡོ་ཆས་ཤིག་བཙུགས་ནས་བརྟག་དཔྱད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།
གོང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གསུམ་གྱིས་བརྟག་དཔྱད་བྱས་པ་ལྟར་ན་རྒྱ་ནག་གི་ཆེས་ནུབ་མཐར་ཆགས་པོའི་རྒྱལ་མཚམས་ཀྱི་འགག་སྒོ་སྟེ། ཞིན་ཅང་དང་ཀིར་གྷི་སི་ཐན་གྱི་མཐའ་མཚམས་འགག་སྒོ་ཨེར་ཀོ་ཞི་ཊན་ནས་ཞིན་ཅང་དུ་ཡོང་མཁན་གྱི་ཡུལ་སྐོར་བ་རྣམས་ལ་ཁ་པར་ནང་དུ་བརྟག་དཔྱད་བྱ་དགོས་པའི་དགོས་འདུན་ཡང་ནས་ཡང་དུ་འདོན་གྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་འགག་སྒོ་སྲུང་མཁན་ཚོས་ཡུལ་སྐོར་བའི་ཁ་པར་ཕྱིར་སྤྲོད་སྐབས་སུ་ཁ་པར་ནང་དུ་སྙི་ཆས་ཤིག་བཅུག་པའི་རྗེས་ཤུལ་ནག་སུབ་གཏོང་གི་ཡོད་ཀྱང་མི་ཁ་ཤས་ཀྱིས་རང་གི་ཁ་པར་དུ་སྔར་བཞིན་སྙི་ཆས་དེ་བཅུག་ཡོད་པ་མཐོང་ཡོད་པ་རེད། རྒྱ་ནག་གཞུང་གིས་མི་དང་འཕྲུལ་རིགས་ལག་རྩལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཞིན་ཅང་དུ་ཡོད་པའི་ཡུ་གུར་བ་གཙོས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོར་ཚོད་འཛིན་དང་དྲག་གནོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ད་ལྟ་རྒྱ་ནག་གཞུང་གིས་འཕྲུལ་རིགས་ལག་རྩལ་གྱི་སྟངས་འཛིན་བྱ་ཡུལ་ནི་ཞིན་ཅང་གི་ཡུ་གུར་བ་ཁོ་ན་མིན་པར་ཞིན་ཅང་ལ་ཡོང་མཁན་ཡུལ་སྐོར་བ་དང་ཚོང་པ་སོགས་ཀྱང་དེའི་གྲས་སུ་ཚུད། རྒྱ་ནག་གཞུང་གིས་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་ནི་ཆོས་ལུགས་བྱེད་སྒོ་ཁག་གི་བདེ་འཇགས་དང་འཇིགས་སྐུལ་དྲག་སྤྱོད་པ་གཉིས་གཅིག་ཏུ་སྦྲེལ་ནས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁག་ལག་བསྟར་བྱེད་ཀྱི་ཡོད་པ་དང་། ད་སྔ་འཇིགས་སྐུལ་དྲག་སྤྱོད་པ་སྔོན་འགོག་སོགས་ལ་ཁ་གཡར་ནས་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་མི་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག་ཡོད་པ་རེད།