ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ར་ཧུལ་གྷན་དྷི་སྲིད་དོན་ཚོགས་པའི་འགོ་ཁྲིད་ནས་དགོངས་ཞུ།


༄༅།།ད་ལོའི་སྤྱི་ཡོངས་འོས་འདེམས་སྐབས་སུ་རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་ཞིང་། འདས་པའི་ཟླ་བ་གཅིག་ལྷག་ལ་ར་ཧུལ་གྷན་དྷི་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་མཚན་གནས་ནས་གནང་བ་ཞུ་དགོས་པའི་གླེང་སློང་དང་གནང་བ་ཞུ་སྲིད་པའི་ཚོད་དཔག་སྣ་ཚོགས་ཤིག་བྱས་ཡོད། གཟའ་ཕུར་བུའི་ཉིན་ར་ཧུལ་གྷ་དྷིས་ཊོས་ཊར་དྲྭ་ལམ་དུ་དགོངས་ཤོག་བཀྲམ་ཡོད་པ་དེར་ཀོང་རེ་སི་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་ཕམ་ཉེས་ཆེན་པོ་བྱུང་བའི་ལན་ཁག་མཐའ་དག་ང་ལ་ཡོད་ཅེས་བཀོད། འོས་འདེམས་གྲུབ་འབྲས་ཕྱིར་བསྒྲགས་བྱས་པའི་རྗེས་སུ་ར་ཧུལ་གྷན་དྷིས་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་མཚན་གནས་ནས་གནང་བ་ཞུ་རྒྱུའི་སེམས་ཐག་བཅད་ཀྱང་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ཚོས་ར་ཧུལ་གྷན་དྷིའི་ཐག་གཅོད་ལ་འགྱུར་བ་གཏོང་རྒྱུའི་རེ་བ་འཆང་འདུག ནེ་རུ་དང་ཨིན་དྷར་གྷན་དྷི། ར་ཇིབ་གྷན་དྷི་སོགས་ནེ་རུ་ཁྱིམ་ཚང་གི་མི་རབས་གསུམ་གྱིས་སྲིད་བློན་གྱི་ལས་ཁུར་བཞེས་མྱོང་ཡོད་པ་རེད།།

ར་ཧུལ་གྷན་དྷིའི་དགོངས་ཞུའི་ཡི་གེ་དེར་ང་ལ་རྒྱ་གར་གྱི་གཞུང་འཛིན་ཚོགས་པ་བྷི་ཇེ་པི་སྲིད་དོན་ཚོགས་པར་ཞེ་སྡང་དང་ཁོང་ཁྲོ་སོགས་ཅི་ཡང་མེད། འོན་ཀྱང་ངའི་ལུས་ཁམས་ཀྱི་ཕྲ་ཕུང་ཡོད་དོ་ཅོག་གིས་རྒྱ་གར་ནི་ཞེ་སྡང་དང་དབྱེ་འབྱེད་ཀྱི་རྨང་གཞི་ཞིག་གི་ཐོག་ཏུ་གཞིས་ཚུགས་འདུག་ཅེས་རང་བཞིན་གྱིས་ངེས་ཤེས་ཤིག་རྙེད་དུ་འཇུག་རྒྱུ་མཚམས་ཆད་ཀྱི་མི་འདུག ང་ཚོས་འོས་འདེམས་སྐབས་སུ་སྲིད་དོན་ཚོགས་པ་གཅིག་གི་ཁེ་ཕན་དོན་དུ་འཐབ་རྩོད་བྱས་མེད། ང་ཚོས་རྒྱ་གར་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་སྡུག་དོན་དུ་འཐབ་རྩོད་བྱས་ཡོད་ཅེས་བཀོད། ༢༠༡༩་ལོའི་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་སྐབས་སུ་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཐོབ། ཐོག་མར་རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོ་དང་སྲིད་དོན་ཉམས་ཞིབ་པ་ཕལ་ཆེ་བས་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་བྷི་ཇེ་པི་སྲིད་དོན་ཚོགས་པ་དང་ར་ཧུལ་གྷན་དྷིས་འགོ་ཁྲིད་པའི་ཀོང་རེ་སི་སྲིད་དོན་ཚོགས་པ་གཉིས་ཀར་གྲོས་ཚོགས་འཐུས་མི་འདྲ་མཉམ་ལྟ་བུའི་གདན་གྲངས་ཤིག་འཐོབ་སྲིད་པའི་ཚོད་དཔག་བྱུང་མོད། འོས་འདེམས་དངོས་སུ་བྱས་པའི་སྐབས་དེར་ཀོང་རེ་སི་སྲིད་དོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་། དེར་བརྟེན་ཉམས་ཞིབ་པ་དང་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོ་ཧ་ལས་དགོས་པ་ཞིག་ཏུ་གྱུར་འདུག

རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༥༤༣་གྱི་གདན་གྲངས་ཡོད་ཅིང་། ༢༠༡༤་ལོར་ཀོང་རི་སི་སྲིད་དོན་ཚོགས་པར་གྲོས་ཚོགས་འཐུས་མི་༤༤་ཡི་གདན་གྲངས་ལས་ཐོབ་མེད། ད་ལོ་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་ཀོང་རེ་སི་སྲིད་དོན་ཚོགས་པར་གྲོས་ཚོགས་འཐུས་མི་༥༢་ཀྱི་གདན་གྲངས་ལས་ཐོབ་མེད་པས་རྒྱ་གར་བ་ས་ཡ་མང་པོས་ཀོང་རེ་སི་སྲིད་དོན་ཚོགས་པར་འཐུས་མི་༥༢་ཀྱི་གདན་གྲངས་ལས་མ་ཐོབ་པ་ནི་ངོ་གནོང་དགོས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་མ་ཟད། ༡༩༤༧་ལོར་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་པའི་རྗེས་སུ་ནེ་རུ་དང་ཨིན་དྷར་གྷན་དྷི། ར་ཇིབ་གྷན་དྷི་སོགས་ཀྱིས་སྲིད་དབང་བཟུང་ནས་ཀོང་རེ་སི་སྲིད་དོན་ཚོགས་པར་འགྲན་ཟླ་མེད་པ་ཞིག་ཡིན་པ་ར་ཧུལ་གྷན་དྷིའི་འགོ་ཁྲིད་འོག་ཏུ་ཉམས་ཉེས་ཕྱིན་པ་ཡིན་ནམ། ད་ནི་ཀོང་རེ་སི་སྲིད་དོན་ཚོགས་པ་སྔར་བཞིན་སྟོབས་ཤུགས་སླར་གསོ་འབྱུང་ཐུབ་རྒྱུ་ཡིན་མིན་ལ་དོགས་སློང་ཆེན་པོ་བྱེད་པ་སྟེ། རྒྱ་གར་གྱི་ཨུ་དྷར་པར་དྷེ་ཤི་མངའ་སྡེའི་ཨ་མཱེ་ཐི་ས་གནས་ནི་སྲིད་བློན་དང་པོ་ནེ་རུ་ཁྱིམ་ཚང་གི་སྲིད་དབང་གི་སྟོབས་ཤུགས་ཀྱི་འབྱུང་རྩ་ཞིག་ཡིན་ཞིང་། ར་ཧུལ་གྷན་དྷིར་ས་གནས་དེའི་གྲོས་ཚོགས་འཐུས་མི་ཞིག་གི་ས་མིག་ཅིག་ཡོད་པའང་མ་ཐོབ་པར་བྷེ་ཇེ་པི་སྲིད་དོན་ཚོགས་པའི་འོས་མི་གློག་བརྙན་འཁྲབ་མཁན་ཟུར་པ་ཞིག་ལ་ཐོབ། མཐར་ར་ཧུལ་གྷན་དྷིར་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེའི་ས་གནས་ཤིག་ཏུ་གྲོས་ཚོགས་འཐུས་མིའི་ས་མིག་གཞན་ཞིག་ཡོད་པ་ཐོབ་ནས་གྲོས་ཚོགས་འཐུས་མིའི་གདན་ཐོབ་མ་ཤོར་ཙམ་བྱུང་འདུག

ད་ལྟ་རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ལ་སུ་ཞིག་འདེམས་བསྐོ་བྱ་འཆར་ཡོད་མེད་གསལ་པོ་ཞིག་མེད་རུང་ཉམས་ཞིབ་པ་ཁག་ཅིག་གིས་ར་ཧུལ་གྷན་དྷིའི་གཅེན་མོ་སྟེ། པྲི་ཡན་ཀ་གྷན་དྷི་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ལ་བསྐོ་བཞག་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ༢༠༡༩་ལོའི་སྤྱི་ཡོངས་འོས་འདེམས་སྐབས་མ་གཏོགས་པྲི་ཡན་ཀ་གྷན་དྷི་རྒྱ་གར་གྱི་ཆབ་སྲིད་ལ་ཞུགས་མྱོང་མེད། ད་དུང་དེའི་ཁར་ཁོ་མོར་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ཀྱི་ཐུགས་འགན་བཞེས་འདོད་ཡོད་མེད་ཀྱང་ཐེ་ཚོམ་ཡིན། ཉམས་ཞིབ་པ་ཚོས་རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པའི་འགོ་ཁྲིད་ལ་སུ་ཞིག་བསྐོ་བཞག་བྱས་ཀྱང་ཁྱད་པར་མེད། འགོ་ཁྲིད་གསར་པ་དེའི་ལས་འགན་གཙོ་བོ་ནི་སྲིད་དོན་ཚོགས་པ་དེའི་ནང་ཁུལ་དུ་ལྟ་ཚུལ་མི་མཐུན་པའི་འགལ་ཟླ་ཡོད་པ་ཚང་མར་ཉན་ཐུབ་དགོས། དེ་ནས་གཟི་བརྗིད་དང་བྱས་རྗེས། ཡུན་རིང་གི་ལོ་རྒྱུས་ལྡན་པའི་རྒྱ་གར་གྱི་སྲིད་དོན་ཚོགས་པ་དེའི་སྟོབས་ཤུགས་སླར་གསོ་བྱ་དགོས། རྒྱ་གར་གྱི་ཀོང་རེ་སི་སྲིད་དོན་ཚོགས་པ་ནེ་རུ་ཁྱིམ་ཚང་གི་མཚན་སྙན་འབའ་ཞིག་ལ་བརྟེན་ནས་གནས་ཐབས་བྲལ། ཀོང་རེ་སི་སྲིད་དོན་ཚོགས་པར་དུས་རབས་ཀྱི་འཕོ་འགྱུར་དང་མཐུན་པའི་ལེགས་བཅོས་གཏོང་དགོས་པ་དང་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ལ་གཏམ་ངན་ཉན་ཐུབ་པའི་སྙིང་སྟོབས་ལྡན་དགོས། མཐར་སྲིད་དོན་ཚོགས་པ་དེས་དཀའ་ངལ་སེལ་ཏེ་འགོ་ཁྲིད་ཐུབ་པའི་འགོ་ཁྲིད་ཅིག་འཚོལ་དགོས་ཞེས་ལྟ་ཚུལ་བརྗོད་འདུག

XS
SM
MD
LG