ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དང་རེ་བ།


༄༅།། ཧོང་ཀོང་གི་ན་གཞོན་ཚོས་གྲོས་ཚོགས་དང་ས་གནས་སྲིད་གཞུང་གི་ཤེལ་སྒོ་བཅག་ནས་གྲོས་ཚོགས་ཁང་དུ་འཛུལ་ཏེ་ངོ་རྒོལ་བྱས་ཤིང་། ད་ལྟ་ཧོང་ཀོང་གི་གྲོས་ཚོགས་ཕྱི་ལོགས་ཀྱི་གྱང་ངོས་སུ་དར་ཆ་དམར་པོ་ཆེན་པོ་ཞིག་བཀལ་ཡོད་པ་དེའི་སྟེང་དུ་གལ་སྲིད་ང་ཚོ་ཕམ་པ་ཡིན་ན་ཁྱེད་ཚོ་ཡང་ང་ཚོའི་མཉམ་དུ་ཕམ་རྒྱུ་རེད་ཅེས་བཀོད། དར་ཆ་གཞན་ཞིག་གི་ཐོག་ཏུ་ད་དུང་ཧོང་ཀོང་རྒྱ་ནག་ལ་གྱུར་མེད་ཟེར་པ་དང་། འདི་ན་ཟིང་འཁྲུག་སློང་མཁན་མེད། གཏུམ་སྤྱོད་པ་འབའ་ཞིག་འདུག་ཅེས་བཀོད་པ་སོགས་ཀྱི་དར་ཆ་རྣམས་ཧོང་ཀོང་གི་གྲོས་ཚོགས་ཀྱི་གྱང་ངོས་སུ་བཀལ། ཧོང་ཀོང་གི་ངོ་རྒོལ་བ་ཚོས་གྲོས་ཚོགས་ཀྱི་སྒོ་དང་ཤེལ་སྒོ་བཅག་པ་དེས་མངའ་ཁུལ་དེའི་མི་དམངས་ཀྱི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་ཕྱོགས་ཡོངས་ནས་འགྱུར་བ་ཞིག་ཐེབས་ཡོད་པ་མཚོན་ཐུབ། ༢༠༡༤་ལོར་ཧོང་ཀོང་གི་ན་གཞོན་དང་སློབ་ཕྲུག་ཚོས་ཉི་གདུགས་སེར་པོའི་དམངས་གཙོའི་ལས་འགུལ་དེ་ཉིད་ཞི་བ་དང་གུས་ཞབས་ལྡན་པའི་སྒོ་ནས་སྤེལ་བས་འཛམ་གླིང་ཀུན་པོས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ལོ་ལྔའི་གོང་དུ་ཧོང་ཀོང་མི་མང་གིས་དམངས་གཙོའི་སྒྱུར་བཅོས་གཏོང་དགོས་ཞེས་དགོས་འདུན་བཏོན་པ་མངོན་དུ་འགྱུར་རྒྱུའི་རྟགས་མཚན་ཞིག་མངོན། ཉི་གདུགས་སེར་པོའི་ལས་འགུལ་ལ་གྲུབ་འབྲས་མ་ཐོན་པའི་རྗེས་སུ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་རྣམ་པར་རྩ་བའི་ཆ་ནས་འགྱུར་བ་ཐེབས་ཡོད་པ་སྟེ། ལོ་གཉིས་ཀྱི་རྗེས་སུ་ཧོང་ཀོང་གི་ཉེན་རྟོག་པ་ཚོས་ཁྲོམ་གཞུང་གི་ཟས་རིགས་ཁྲོམ་ར་ཞིག་ལ་དྲག་གནོན་བྱས་པར་ན་གཞོན་ཚོས་ཉེན་རྟོག་པར་དྲག་པོས་རྒོལ་ལན་སློག དེ་ནས་ཧོང་ཀོང་ས་གནས་གཞུང་གིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གྲོས་ཚོགས་སུ་མཉམ་ཞུགས་བྱེད་དུ་མ་བཅུག་པ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་ཁྲིམས་ལ་སྦྱར།

ཟླ་བ་སྔོན་མར་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བའམ། ཡང་ན་དོགས་ཅན་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཆོག་པའི་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ཞེས་གྲོས་གཞི་བཏོན། དེར་བརྟེན་༢༠༡༤་ནས་ཧོང་ཀོང་གི་མི་མང་རྒྱ་ཆེན་ཞིག་གིས་ཁོག་ལ་སྒོམ་པའི་ཁོང་ཁྲོ་དྲག་པོ་ཕྱི་ལ་སྟོན་པའི་གོ་སྐབས་ཤིག་རྙེད། ཟླ་བ་སྔོན་མར་བདུན་ཕྲག་འགའ་ཞིག་གི་རིང་དུ་ཧོང་ཀོང་མི་མང་ས་ཡ་མང་པོ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་མི་ཆོག་ཅེས་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས། ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་དེ་ཉིད་གཏན་འབེབས་བྱ་རྒྱུ་ངང་འཐེན་བྱས་ཀྱང་རྦད་དེ་ཕྱིར་འཐེན་བྱས་མེད་པས་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱ་རྒྱུ་མཚམས་མ་ཆད། ཕྱི་ཟླ་༦་ཚེས་༡༢་ཉིན་ཧོང་ཀོང་གི་ཉེན་རྟོག་པས་མི་ཚོགས་ཁྲོད་དུ་མཆི་སྦྱིན་དུག་རླངས་འཕངས་པ་དང་འགྱིག་གི་མདེའུ་བརྒྱབ་པ། ཆུ་མདའ་བརྒྱབ་ནས་མི་ཚོགས་ཁ་གཏོར་བཏང་བ་སོགས་དྲག་གནོན་ཚབས་ཆེན་བྱས་པས་ཧོང་ཀོང་གི་མི་མང་ངོ་རྒོལ་བའི་ཁོང་ཁྲོ་སྔར་ལས་ཆེ་རུ་སོང་། ཁ་སང་ཕྱི་ཟླ་༧་ཚེས་༡་ཉིན་ཧོང་ཀོང་མི་མང་སྟོང་ཕྲག་མང་པོས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཕྱིར་འཐེན་བྱ་དགོས་ཞེས་ཞི་བའི་ངོ་རྒོལ་བྱས་ཀྱང་ན་གཞོན་ཚོས་ཧོང་ཀོང་གི་གྲོས་ཚོགས་ཀྱི་སྒོ་དང་ཤེལ་སྒོ་བཅག་ནས་དྲག་པོས་ངོ་རྒོལ་བྱས་པར་གཞིགས་ཚེ། ཧོང་ཀོང་མི་དམངས་རྣམས་ངོ་རྒོལ་ལས་འགུལ་སྤེལ་དགོས་པར་བློ་ཁ་གཅིག་མཐུན་ཡིན་རུང་ལས་འགུལ་དེ་ཞི་དྲག་གཉིས་ཀྱི་གང་འདྲ་ཞིག་སྤེལ་དགོས་མིན་ཐད་དུ་བསམ་ཚུལ་མ་མཐུན་པ་ཡོད་པ་གསལ་སྟོན་བྱུང་འདུག

ཧོང་ཀོང་གི་གྲོས་ཚོགས་ཁང་དུ་འཛུལ་བའི་ན་གཞོན་ངོ་རྒོལ་བ་གདོང་འབག་གྱོན་པ་ཞིག་གིས་སྲིད་གཞུང་གིས་མི་དམངས་ལ་ཉན་རྒྱུའི་རེ་བ་ཡོད། སྲིད་དབང་མི་དམངས་ལ་ཕྱིར་སློག་བྱ་དགོས། ཧོང་ཀོང་ཞེས་པའི་གྲོང་ཁྱེར་འདི་ས་གནས་འདིའི་སྤྱི་དམངས་ས་ཡ་༧་ལ་གཏོགས་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། ཐོག་མར་ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་མི་ཚོགས་དེ་འགོག་ཐབས་བྱས་ཀྱང་མི་མང་གིས་ངོ་རྒོལ་བྱ་དགོས་པ་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ལས་འགན་མ་གྲུབ་སྟབས་ཀྱིས་རེད་ཅེས་ཁ་རྡུང་བཏང་བས་གྲོས་ཚོགས་འཐུས་མི་རྣམས་ཀྱང་ཁ་བཙུམས་ནས་སྡོད་དགོས་བྱུང་ཞིང་། ན་གཞོན་ཚོས་ཧོང་ཀོང་གི་གྲོས་ཚོགས་སུ་འུར་ཟིང་བསླངས་པར་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱང་ཡི་མ་རངས་པའི་རྣམ་པ་ཞིག་ཐོན། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཧྥར་ནན་དྷོ་ཁྲེང་གིས་ང་ཚོར་ངོ་རྒོལ་འདིའི་རིགས་གཏན་ནས་འབྱུང་དུ་འཇུག་འདོད་མེད་ཅེས་བཤད། ཁོ་པས་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་བདུན་ཕྲག་མང་པོའི་ངོ་རྒོལ་རྗེས་སུའང་མང་ཚོགས་ཀྱི་དགོས་འདུན་སྐོང་གི་མི་འདུག ཁོ་མོས་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་གསར་འགོད་པ་སོགས་ལ་གདོང་མི་སྟོན་པར་བཀབ་ནས་སྡོད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

ཧོང་ཀོང་གི་མི་མང་ངོ་རྒོལ་བ་ཚོས་སྲིད་སྐྱོང་ཁེ་རི་ལམ་སྲིད་སྐྱོང་གི་ལས་གནས་ནས་གནང་བ་ཞུ་དགོས། ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཆོག་པའི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་གཏན་དུ་ཕྱིར་འཐེན་བྱ་དགོས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་ཀྱང་སྲིད་སྐྱོང་ཁེ་རི་ལམ་གྱིས་སྲིད་གཞུང་གི་ལས་འགན་འཐུས་ཤོར་ཕྱིན་ཡོད་པར་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། འོན་ཀྱང་ཁོ་མོས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་དོན་ཚན་ཞིག་ཁ་སྣོན་བྱ་དགོས་པ་རྦད་དེ་ཕྱིར་འཐེན་བྱེད་ཀྱི་མེད་ཅིང་། ཧོང་ཀོང་མི་མང་ཕལ་མོ་ཆེར་པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་ནི་རྒྱ་ནག་གི་གྲོང་ཁྱེར་སྤྱི་མཚུངས་ལྟར་བསྒྱུར་རྒྱུ་ཡིན་པ་དང་། ༢༠༤༧་བར་དུ་རྒྱ་ནག་གིས་ཧོང་ཀོང་ལ་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་པ་ཁ་དན་ཚིག་ལ་གནས་རྒྱུ་མིན་པ། ཧོང་ཀོང་མི་དམངས་ལ་དམངས་གཙོའི་ལེགས་བཅོས་དང་ཆབ་སྲིད་རང་དབང་སོགས་ཀྱི་རྨང་གཞི་སྲ་བརྟན་གཏོང་ཐུབ་རྒྱུའི་དུས་ཚོད་མེད་པའི་བློ་འཚབ་ཡོང་གི་ཡོད་པ་རེད།

རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ན་གཞོན་ཞིག་ཡིན་ན་འཚོ་བ་ལས་སླ་བོར་སྐྱེལ་ཐུབ་པ་མིན། དཔེར་ན་ཁང་གླ་དང་ཟས་སོང་གི་རིན་གོང་ནི་ལོ་ལྟར་འཕར་བ། ན་གཞོན་ལས་ཐོབ་པའི་གྲངས་འབོར་ཡང་སོར་གནས་སུ་གྱུར་ནས་འཕེལ་རྒྱས་འགྲོ་མི་ཐུབ་པ། ཧོང་ཀོང་གི་སློབ་ཆེན་ཐོན་པའི་ན་གཞོན་ཚོ་ལའང་ལས་ཀ་མི་རེག་པའི་དཀའ་ངལ་ཆེ་བ། ད་ལྟ་ཕྱི་རབས་པ་ཚོར་མི་རབས་སྔོན་མ་ཚོ་ལྟར་རང་གི་མདུན་ལམ་དང་འཚོ་བ་བཅས་ལ་རེ་ལྟོས་འཆང་ས་མེད་པ། སྔོན་ཆད་ཧོང་ཀོང་དབྱིན་ཇིའི་དབང་སྒྱུར་འོག་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་དགའ་མོས་ཆེན་པོ་བྱེད་མཁན་ཚོའི་བསམ་བློའི་འདུ་ཤེས་ལའང་འགྱུར་བ་ཐེབས། དེང་སྐབས་ཧོང་ཀོང་བ་ཚོས་རང་ཉིད་རྒྱ་མི་རིགས་ཡིན་པར་དགའ་མོས་དང་སྤོབས་པ་དེ་ཙམ་བྱེད་ཀྱི་མེད་པར་མ་ཟད། ཧོང་ཀོང་སློབ་གྲྭ་ཆེན་མོས་ཞིབ་འཇུག་བྱས་པ་ལྟར་ན་སྐྱེ་བོ་ཕོན་ཆེན་ཞིག་གིས་རང་ཉིད་ཧོང་ཀོང་བ་ཡིན་ཟེར་པ་ལས་རྒྱ་ནག་པ་ཡིན་ཟེར་མཁན་ཇེ་ཉུང་དུ་ཕྱིན་འདུག ཧོང་ཀོང་བ་ཚོར་མི་རིགས་ཐ་དད་དང་རྒྱ་ནག་ལ་ངོ་རྒོལ་གྱི་འདུ་ཤེས་ཤིག་སྐྱེས་ནས་མི་རབས་གསར་པ་ཚོས་ཧོང་ཀོང་རང་བཙན་བྱ་དགོས། ང་ཚོ་རྒྱ་ནག་དང་རྒྱ་ནག་མི་རིགས། རྒྱ་ནག་གི་རིག་གཞུང་བཅས་ལ་འབྲེལ་བ་མེད་ཅེས་ཡོངས་གྲགས་སུ་སྐད་འབོད་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་མ་མཐར་ཡང་ཧོང་ཀོང་གི་རང་དབང་དང་དམངས་གཙོའི་ཐོབ་ཐང་ཆེད་དུ་འཐབ་རྩོད་ཅིག་བྱ་དགོས་པའི་ངེས་ཤེས་གསལ་པོ་ཞིག་རྙེད་པར་བརྟེན། ཧོང་ཀོང་གི་གྲོས་ཚོགས་ཕྱི་ལོགས་ཀྱི་གྱང་ངོས་སུ་ང་ཚོ་ཕམ་པ་ཡིན་ན་ཁྱེད་ཚོ་ཡང་ང་ཚོའི་མཉམ་དུ་ཕམ་རྒྱུ་རེད་ཅེས་རང་གཞན་གཉིས་ཕུང་བྱ་རྒྱུའི་ཉེན་བརྡ་བཏང་བར་རྒྱུས་ལོན་བྱེད་ཐུབ།།

XS
SM
MD
LG