ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་པ་ཚོས་ཧོང་ཀོང་གི་ངོ་རྒོལ་ལ་རྒྱབ་སྐྱོར་མི་བྱེད་དོན།


༄༅།། ཕྱི་ཚུལ་དུ་ཚོད་དཔག་བྱས་ན་སི་ལི་ཡ་ཀྲང་ལྟ་བུ་ནི་ཧོང་ཀོང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་བྱེད་མཁན་གྱི་གྲས་ཤིག་རེད་བསམ་སྲིད། ཁོ་མོ་ཨ་མི་རི་ཀའི་སྙན་གྲགས་ཅན་གྱི་སློབ་ཆེན་ཞིག་འགྲིམས་ནས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་ནོར་སྲིད་བཟོ་ཚོང་ལས་ཁང་ཞིག་ཏུ་ལས་ཀ་ཐོབ། སི་ལི་ཡ་ཀྲང་ཧོང་ཀོང་དམིགས་བསལ་ས་ཁུལ་ནས་རྒྱ་ནག་ལ་ཕྱིར་ལོག་བྱ་འཆར་མེད་པ་དང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གྱི་གསར་འགྱུར་མཐའ་དག་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་པ་མ་ཡིན་པར་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་བརྒྱུད་ནས་ཐད་ཀར་ལྟ་ཉན་བྱེད་ཐུབ། ཡིན་ནའང་སི་ལི་ཡ་ཀྲང་གིས་ཧོང་ཀོང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་སྟེ། ཁོ་ཚོས་ཅིའི་ཕྱིར་སྲང་ལམ་ནང་དུ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད་དམ། ངས་དེའི་རྒྱུ་མཚན་དེ་ཤེས་ཀྱི་མི་འདུག ཁོ་ཚོས་སྲང་ལམ་ནང་དུ་སྐད་ཅོར་རྒྱག་རྒྱུའི་ཚབ་ཏུ་རང་ཁྱིམ་ལ་ལོག་ན་ལེགས། ད་ལོའི་ངོ་རྒོལ་ལ་བརྟེན་ནས་ཧོང་ཀོང་གི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་ཚབས་ཆེན་པོ་ཞིག་ཐེབས་ངེས་རེད། ཁོ་ཚོས་ཅིའི་ཕྱིར་རང་ལ་ཁེ་ཕན་མེད་པ་ཞིག་སྒྲུབ་ཀྱི་ཡོད་པ་རེད་དམ། ཁོ་ཚོས་ངོ་རྒོལ་བྱས་ནས་ཅི་ཞིག་འཐོབ་རྒྱུ་རེད་དམ་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

རྒྱ་ནག་སྐམ་ས་ཆེན་མོར་ཧོང་ཀོང་མི་དམངས་ཀྱི་ལ་ངོ་རྒོལ་ལ་མོས་མཐུན་མེད་པ་འབྱུང་གི་ཡོད་པར་ཁག་མེད། དེ་ནི་རྒྱ་ནག་གཞུང་གིས་གསར་འགྱུར་ཆ་ཚང་མ་བཤད་པ་དང་རྒྱ་ནག་མི་དམངས་ཀྱིས་གནས་ཚུལ་ངོ་མ་ཤེས་རྟོགས་མ་བྱུང་བར་ཧོང་ཀོང་མི་དམངས་ཀྱི་ངོ་རྒོལ་ལ་མོས་མཐུན་མེད་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་ཞིག་ཡིན་པས་དེ་ལ་ཡ་མཚན་དགོས་པ་ཞིག་མིན། འོན་ཀྱང་གསར་འགོད་པ་དང་ཉམས་ཞིབ་པ་ཚོ་སི་ལི་ཡ་ཀྲང་ལྟ་བུའི་རྒྱ་ནག་གི་ཤེས་ཡོན་ཅན་དང་སོ་སོ་རང་ཉིད་ཀྱིས་ཧོང་ཀོང་གི་གུ་ཡངས་དང་རང་དབང་། གསར་འགོད་རང་དབང་སོགས་ཀྱི་ཐོབ་ཐང་ཆ་ཚང་ལོངས་སུ་སྤྱོད་བཞིན་དུ་ཧོང་ཀོང་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ཡ་མཚན་ཞིག་ཡིན་ཞིང་། རྒྱ་ནག་གི་སྤྱི་ཚོགས་སུ་མི་མང་ལ་སྐད་ཆ་དྲིས་ནས་བསམ་ཚུལ་བསྡུ་རུབ་བྱེད་མི་ཐུབ་པར་ཚོད་དཔག་ཁོ་ན་བྱ་དགོས་ཀྱང་རྒྱ་ནག་གི་ཤེས་ཡོན་ཅན་དང་འཛམ་གླིང་ཡུལ་གྲུ་ཀུན་ཏུ་འགྲིམ་འགྲུལ་བྱས་མྱོང་ཡོད་པ། རྒྱལ་སྤྱིའི་གསར་འགྱུར་དྲྭ་ལམ་ཁག་ལ་འཛུལ་ཞུགས་ཐུབ་པའི་སྐྱེ་བོ་ཇི་སྙེད་ཅིག་གིས་ཧོང་ཀོང་མི་དམངས་ཀྱི་ངོ་རྒོལ་ཁྲོམ་སྐོར་དེ་རྣམས་དུས་ཚོད་སྟོང་ཟད་ཡིན་པ་དང་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུའི་ཚབ་ཏུ་སྔོན་ཆད་ཧོང་ཀོང་ནི་ཨེ་ཤི་ཡའི་མིག་དཔེར་འོས་པའི་གྲོང་ཁྱེར་ཞིག་ཡིན་པའི་གནས་བབ་སླར་གསོ་བྱེད་པར་འབད་བརྩོན་བྱ་དགོས་པའི་ལྟ་བ་འཛིན་མཁན་མང་པོ་ཞིག་མཆིས།

སི་ལི་ཡ་ཀྲང་དང་གསར་འགོད་པས་ངོ་ཤེས་པའི་རྒྱ་ནག་གི་ཤེས་ཡོན་ཅན་ཚོས་འཛིན་པའི་ལྟ་བ་དེར་བལྟས་ན་རྒྱ་ནག་གཞུང་གིས་གསར་འགྱུར་གྱི་ནང་དོན་ལ་ཞིབ་བཤེར་བྱས་ནས་མི་དམངས་ལ་གནས་ཚུལ་ཆ་ཚང་མ་བཤད་པར་རྒྱ་ནག་མི་དམངས་ཀྱིས་ཧོང་ཀོང་གི་ངོ་རྒོལ་ཁྲོམ་སྐོར་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་ཞིག་མིན་ཞིང་། རྒྱ་ནག་གི་ཤེས་ཡོན་ཅན་དང་ཐོས་རྒྱ་མཐོང་རྒྱ་ཅན་གྱི་འབྱོར་འབྲིང་གྲལ་རིམ་པའི་ལྟ་བར་གཞི་རྩའི་ཆ་ནས་འགྱུར་བ་ཞིག་ཐེབས། རྒྱ་ནག་མི་དམངས་རྣམས་སྐྱེ་བོ་སྒེར་གྱི་རང་དབང་དང་ཐོབ་ཐང་ལ་དོ་སྣང་མེད་པ་དང་རྒྱ་ནག་གཞུང་གིས་དཔལ་འབྱོར་གོང་འཕེལ་བཏང་ནས་མི་དམངས་རྣམས་དཔལ་འབྱོར་ལོངས་སྤྱོད་ཁོ་ནར་སྣང་བ་གཡེང་དུ་འཇུག་པའི་སྲིད་ཇུས་ལ་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཡོད་པ་མཚོན་ཐུབ། ཀྲའོ་ཅེ་ཧྥེ་ཞེས་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་གི་སྤྱི་ཁྱབ་འགན་འཛིན་ཞིག་གིས་ང་ཚོས་འདས་པའི་ལོ་བཞི་བཅུའི་རིང་ལ་རྒྱ་ནག་སྐམ་ས་ཆེན་མོར་དཔལ་འབྱོར་གཅིག་པུ་གླེང་སློང་བྱས་པ་དང་གཙིགས་སུ་བཟུང་ནས་གནད་དོན་གཞན་པ་ཅི་ཡང་གླེང་མྱོང་མེད། ང་ཚོའི་ལྟ་གྲུབ་ཀྱི་རྩ་བ་ནི་དཔལ་འབྱོར་ལོངས་སྤྱོད་འབའ་ཞིག་ལ་གཞི་རྩ་བཅོལ་ཡོད། མ་འོངས་པར་བསམ་བློ་ཐོངས། དཔལ་འབྱོར་ལོངས་སྤྱོད་ཀྱིས་ཁུངས་མི་འཁྱོལ། ང་ཚོ་གཏི་མུག་གཉིད་ནས་སད་པའི་དུས་ལ་སླེབས་འདུག་ཅེས་སྐད་འཕྲིན་ནང་དུ་འཕྲིན་ཐུང་ཞིག་བྲིས།།

རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་ནག་མི་དམངས་ལ་འཇིག་རྟེན་ཧྲིལ་པོར་དཔལ་འབྱོར་ལོངས་སྤྱོད་ཀྱི་ཁབ་མིག་འབའ་ཞིག་གིས་བལྟ་དགོས། ཧོང་ཀོང་གི་ངོ་རྒོལ་ཁྲོམ་སྐོར་སོགས་ལ་དོགས་ཟོན་བྱ་དགོས་པ་དང་རང་དབང་དམངས་གཙོའི་ལྟ་གྲུབ་ཀྱིས་ལྟོད་པ་མི་རྒྱགས། ཧོང་ཀོང་མི་དམངས་ཀྱི་ལོངས་སུ་སྤྱོད་བཞིན་པའི་སྐྱེ་བོ་སྒེར་གྱི་རང་དབང་དང་གསར་འགོད་རང་དབང་། སྲིད་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དེས་སྤྱི་ཚོགས་ལ་ཟིང་འཁྲུག་བསླངས་ནས་མི་ལ་བཀྲེས་ལྟོགས་མྱོང་དུ་འཇུག་རྒྱུ་རེད་ཟེར་པའི་ལྟ་བ་ཞིག་བསླབས་པ་ཡོད་པར་རྩ་བ་བརྟན་པོ་ཚུགས་ཡོད་པའི་རྟགས་མཚན་མཚོན། འདི་ནི་རྒྱ་ནག་གི་མི་རབས་གསར་པ་ཚོས་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ལངས་པའི་རྒྱ་ནག་གི་དམངས་གཙོའི་ལས་འགུལ་དང་ཧོང་ཀོང་མི་དམངས་ཀྱི་ངོ་རྒོལ་བཅས་ལ་དོ་སྣང་མེད་པའི་ལྟ་བ་ཞིག་འཛིན་པ་དེས་གསལ་སྟོན་བྱེད་ཐུབ། རྒྱ་ནག་གཞུང་གིས་སྐྱེ་བོ་སྒེར་གྱི་རང་དབང་དང་ཐོབ་ཐང་ལ་རྡོག་བརྫིས་བཏང་རུང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སོང་སྟེ་མི་མང་འབྱོར་འབྲིང་པའི་གྲལ་རིམ་ཅི་ཙམ་མང་དུ་སོང་ན་རྒྱ་ནག་དེ་ཙམ་གྱིས་གུ་ཡངས་དང་རང་དབང་གི་སྤྱི་ཚོགས་ཤིག་ལ་འགྱུར་རྒྱུའི་རེ་ལྟོས་འཆང་བ་སྟོང་པར་འགྱུར་གྱི་ཡོད་པ་རེད།

པེ་ཅིང་གི་སློབ་དཔོན་ཐེན་ཧྥེ་ལོང་གིས་དབྱིན་ཡིག་ནས་རྒྱ་ཡིག་ལ་མནའ་འབྲེལ་རིང་ལུགས་དང་ནུབ་ཕྱོགས་ཀྱི་རྩ་ཁྲིམས་སོགས་ཀྱི་བརྩམས་ཁག་ཅིག་བསྒྱུར། ཁོང་གིས་ཉེ་ཆར་རྩོམ་ཡིག་ཅིག་བྲིས་ནས་ཧོང་ཀོང་གི་ངོ་རྒོལ་ཁྲོམ་སྐོར་དེ་ཚོར་ཕྱི་རྒྱལ་གྱི་སྟོབས་ཤུགས་ངན་པས་རྒྱབ་སྐྱོར་བྱེད་ཀྱིན་འདུག ངོ་རྒོལ་ལས་འགུལ་དེ་ཚོས་ཧོང་ཀོང་ལ་ཟིང་ཆ་སློང་རྒྱུ་ཡིན་པར་མ་ཟད། མཐར་ཐུག་རྒྱ་ནག་ལའང་ཟིང་ཆ་སློང་རྒྱུ་རེད་ཅེས་བྲིས་པར་ཀློག་མཁན་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་མཆན་བཀོད། མི་ཞིག་གིས་ངོ་རྒོལ་ལས་འགུལ་དེ་ཚོས་ཧོང་ཀོང་སླར་ཡང་ཉ་ལས་བརྟེན་པའི་མཚོ་ཁའི་གྲོང་གསེབ་ཅིག་ཏུ་བསྒྱུར་རྒྱུ་དེར་ཡུན་རིང་འགོར་རྒྱུ་མ་རེད་ཅེས་མཆན་བཀོད། ལོ་ཤས་གོང་དུ་ཧོང་ཀོང་གི་སློབ་ཆེན་ཞིག་ནས་མཐར་ཕྱིན་པའི་ཀྲའོ་ཧའོ་དབྱང་ཞེས་པ་ཞིག་གིས་ཀྱང་རྩོམ་ཡིག་ཅིག་བྲིས་ནས་ཧོང་ཀོང་གི་ན་གཞོན་ཚོ་མི་ངན་པ་མ་རེད། ཡིན་ནའང་ཁོ་ཚོ་ཀླད་སྟོང་རེད། ཧོང་ཀོང་མི་དམངས་ལ་ཡར་རྒྱས་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཡོད་པའི་ང་རྒྱལ་ཆེ་དྲགས་པ་དང་ནུབ་ཕྱོགས་པའི་ལྟ་སྤྱོད་ཀྱིས་ཤན་ཞུགས་ངན་པ་ཐེབས་པས་རེད་ཅེས་བྲིས་པ་མི་༡༠༠༠༠༠་གཅིག་ལྷག་གིས་བཀླགས་ཏེ་མི་༧༠༠༠་ལྷག་གིས་རྩོམ་པ་པོར་དངུལ་སྒོར་ཞལ་འདེབས་སྤྲད་འདུག སི་ལི་ཡ་ཀྲང་གིས་རྒྱ་ནག་སྐམ་ས་ཆེན་མོ་བ་མང་དག་ཅིག་གིས་ཧོང་ཀོང་ནི་ཞི་བདེ་བརྟན་ལྷིང་མེད་པར་གཏོང་བའི་འབྱུང་རྩ་ཞིག་ཏུ་ངོས་འཛིན་བྱེད་འགོ་ཚུགས་ཀྱིན་འདུག རྒྱ་ནག་གི་མི་ཚོས་ཧོང་ཀོང་བའི་ངོ་རྒོལ་ཁྲོམ་སྐོར་སྐྱེ་བོ་སྒེར་གྱི་ཐོབ་ཐང་རྩོད་ཀྱི་ཡོད་པ་ཞིག་མཐོང་གི་མེད་པ་དང་། ཁོ་ཚོས་ཧོང་ཀོང་བ་རྣམས་བཀའ་དྲིན་བསམ་ཤེས་མེད་པ་དང་ཧོང་ཀོང་གི་ཁ་བྲལ་རིང་ལུགས་པའི་གྲོས་ཚོགས་འཐུས་མི་ཚོ་ཟིང་འཁྲུག་སློང་མཁན་ཡིན་པ། མཐར་རྒྱ་ནག་དམར་ཤོག་ཚོགས་པར་རྒྱལ་ཁ་འཐོབ་རྒྱུའི་ལྟ་ཚུལ་བཟུང་འདུག ང་ལ་ཧོང་ཀོང་གི་ལེགས་ཆ་ཚང་མ་དགོས། ཡིན་ནའང་ཧོང་ཀོང་ས་གནས་ཀྱི་དོན་སྙིང་ཅི་ཡང་མེད་པའི་ཟིང་ཆ་འདི་ང་ལ་མི་དགོས། གལ་སྲིད་ང་ཚོས་ཚོང་ལས་ཤིག་ལ་མ་རྩ་བཙུགས་པ་དེར་ཁེ་སང་མེད་ན་ཕན་ཐོགས་ཅི་ཞིག་འདུག་གམ་ཞེས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག

XS
SM
MD
LG