ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གི་ཡེ་ཤུ་ཚོར་འབོད་སྐུལ།


༄༅།། ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་ཧྥ་རན་སེ་སི་མཆོག་གིས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་གྱི་ཤུགས་རྐྱེན་ཐེབས་ཐབས་སུ་རྒྱ་ནག་གཞུང་ལ་བསྟུན་མཁས་ཀྱི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པ་སྟེ། ཁ་སྔོན་གཟའ་པ་སངས་ཉིན་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གི་ཡེ་ཤུ་ཆོས་དཔོན་ཚོས་སྲིད་གཞུང་ལ་ཐོ་འགོད་བྱ་དགོས་ཞེས་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོས་ལོ་བཅུ་ཕྲག་མང་པོར་སྲིད་གཞུང་ལ་ཐོ་འགོད་མ་བྱས་པར་རང་ཚུགས་བཟུང་བ་འདོར་དུ་འཇུག་གི་ཡོད་ཅིང་། གདན་ས་ཝྭེ་ཊི་ཁན་གྱི་གཞེན་སྐུལ་ལམ། ལམ་སྟོན་ཡིག་ཆ་དེ་ཉིད་རྒྱ་ནག་གཞུང་ལ་ཐོ་འགོད་མ་བྱས་པར་ལྐོག་ཏུ་ཚུགས་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་དམིགས་ཡོད་པ་ཞིག་ཡིན་ཞིང་། ཆོས་སྡེ་དེ་དག་གི་ཆོས་དཔོན་རྣམས་གདན་ས་ཝྭེ་ཊི་ཁན་གྱིས་བསྐོ་བཞག་བྱས་ཀྱང་རྒྱ་ནག་གཞུང་གིས་དེ་ལ་ཁས་ལེན་མི་བྱེད་པར་སྲིད་གཞུང་གིས་ཡེ་ཤུའི་ཆོས་དཔོན་རྣམས་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད།

སྔ་ལོ་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་ཡེ་ཤུའི་ཆོས་དཔོན་ཚོར་གདན་ས་ཝྭེ་ཊི་ཁན་དང་བླ་ཆེན་ཕོབ་མཆོག་གིས་ངོས་ལེན་བྱ་རྒྱུ་དང་ཕྱིས་སུ་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་རྣམས་གདན་ས་ཝྭེ་ཊི་ཁན་དང་རྒྱ་ནག་གཞུང་གཉིས་མཉམ་འབྲེལ་གྱིས་འདེམས་བསྐོ་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པས་ཡེ་ཤུའི་ཆོས་དད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག ཉམས་ཞིབ་པ་སོགས་ཀྱིས་བླ་ཆེན་ཕོབ་མཆོག་དང་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གཞུང་ལ་བསྟུན་མཁས་བྱས་པ་ནི་ཆོས་དད་རང་དབང་གི་རྩ་དོན་བློས་བཏང་བ་ཞིག་རེད། ད་ལྟ་བར་རྒྱ་ནག་གི་སྤྱི་ཚོགས་སུ་ལྐོག་ཏུ་ཚུགས་པའི་ཡེ་ཤུའི་ཆོས་དད་པ་ཚོས་རང་གི་གློ་སྙིང་བྲང་གསུམ་གདན་ས་ཝྭེ་ཊི་ཁན་ལ་གཏད་པར་ཁྲེལ་མེད་བྱས་པ་ཞིག་ཡིན་པར་མ་ཟད། པེ་ཅིང་སྲིད་གཞུང་དང་གདན་ས་ཝྭེ་ཊི་ཁན་གཉིས་ཀྱི་གཅིག་གི་འོག་ཏུའང་མི་འདུ་བའི་ཡེ་ཤུའི་ཆོས་སྡེ་གསར་པ་ཞིག་རྒྱ་ནག་ལ་ཚུགས་སྲིད་ཅེས་ཉེན་བརྡ་བཏང་། འོན་ཀྱང་གཟའ་པ་སངས་ཉིན་གྱི་གཞེན་སྐུལ་ཡིག་ཆ་དེར་བླ་ཆེན་ཕོབ་མཆོག་གིས་མཚན་རྟགས་བཀོད་ཡོད་པ་ནི་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་ཇུས་ཤིག་བཟུང་ཡོད་པར་འགྱུར་བ་མེད་པའི་རྟགས་མཚན་ཞིག་ཐོན།

༡༩༥༡་ལོར་རྒྱ་ནག་གིས་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝྭེ་ཊི་ཁན་ལ་ཕྱི་འབྲེལ་བཅད། དེ་ནས་བཟུང་སྟེ་གདན་ས་ཝྭེ་ཊི་ཁན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས། ཕོབ་ཧྥ་རན་སེ་སི་ཡེ་མཆོག་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཁྲི་ལ་ཕེབས་ནས་བཟུང་སྟེ་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་གདན་ས་ཝྭེ་ཊི་ཁན་དང་ཐེ་ཝན་གྱི་ཕྱི་འབྲེལ་བཅད་མེད་ཀྱང་བླ་ཆེན་མཆོག་གིས་རྒྱ་ནག་ལ་འབྲེལ་བ་སླར་གསོ་དང་རྒྱ་ནག་ལ་བསྟུན་མཁས་ཀྱི་སྲིད་ཇུས་རིམ་པ་ཞིག་ལག་ལེན་བསྟར་འགོ་ཚུགས། དེང་སྐབས་རྒྱ་ནག་ལ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ས་ཡ་མང་པོ་ཡོད་པ་དེའི་གྲས་ཀྱི་ཡེ་ཤུའི་ཆོས་དད་པ་ས་ཡ་༡༢་ཙམ་གྱིས་སྲིད་གཞུང་ལ་ཐོ་འགོད་མི་བྱེད་པ་དང་སྲིད་གཞུང་གིས་བསྐོ་བཞག་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཡེ་ཤུའི་ཆོས་ལུགས་མཐུན་ཚོགས་ཁོངས་སུ་ཞུགས་ཀྱི་མེད་ཅིང་། དེར་བརྟེན་རྒྱ་ནག་གཞུང་གིས་སྲིད་གཞུང་ལ་ཐོ་འགོད་མི་བྱེད་པའི་ཡེ་ཤུའི་ཆོས་དད་པ་རྣམས་འཛིན་བཟུང་དང་བཙོན་འཇུག ལྐོག་ཏུ་བཙུགས་པའི་ཆོས་ཤུའི་ཆོས་སྡེ་ཁག་ལ་གཏོར་བཤིག་བཏང་ནས་ལྷ་ཁང་སོགས་མགོ་རྟིང་སློག་པ། དམ་པའི་གསུང་རབ་མེར་སྲེག་གཏོང་བ་དང་སྲིད་གཞུང་ལ་ཐོ་འགོད་མི་བྱེད་པའི་ཡེ་ཤུའི་ཆོས་དད་པ་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་བྱ་རྒྱུ་གཏན་ནས་མཚམས་འཇོག་བྱེད་ཀྱི་མེད་པ་རེད།

རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཡེ་ཤུའི་ཆོས་སྡེ་ཁག་ལ་ཡེ་ཤུའི་གནམ་བདག་ཆོས་སྡེ་དེ་ཉིད་རང་བཙན་དང་རང་སྐྱོང་། རང་ཐད་དུ་འཛིན་སྐྱོང་དང་སྲིད་གཞུང་ལ་ཐོ་འགོད་བྱས་ཡོད་མེད་ཀྱི་འགེངས་ཤོག་ཅིག་བསྐངས་ནས་སྲིད་གཞུང་ལ་འབུལ་དགོས་ཀྱང་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་ཇི་སྙེད་ཅིག་ལ་གདན་ས་ཝྭེ་ཊི་ཁན་ལ་འབྲེལ་ཐག་རིང་དུ་བཏང་ནས་རྒྱ་ནག་གཞུང་ལ་འབྲེལ་བ་དམ་ཟབ་ཅིག་འཛིན་གྱི་མེད་པའི་རྣམ་འགྱུར་མངོན། གདན་ས་ཝྭེ་ཊི་ཁན་གྱི་གཞེན་སྐུལ་ཡིག་ཆ་དེར་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་ཚོས་གཞུང་གི་འགེངས་ཤོག་དེར་དགོས་ངེས་ཀྱི་གནས་ཚུལ་རྣམས་འགོད་དགོས། འདི་ལྟར་བྱས་ན་གདན་ས་ཝྭེ་ཊི་ཁན་ལ་དད་པ་དམ་ཚིག་ལོག་པ་ཞིག་མིན། འཛམ་གླིང་མཐའ་གྲུ་ཀུན་གྱི་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་ཆོས་སྡེ་ཁག་བླ་ཆེན་ཕོབ་མཆོག་གི་སྣེ་ཁྲིད་འོག་ཏུ་ཡོད་པ་གཅིག་གྱུར་ཡིན་ཞེས་སློབ་སྟོན་བྱས་འདུག ཧོང་ཀོང་གི་རྒྱ་ནག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ལི་སུ་ཡ་ཁྲེང་གིས་སྔ་ལོ་རྒྱ་ནག་གཞུང་དང་གདན་ས་ཝྭེ་ཊི་ཁན་གྱིས་གྲོས་མཐུན་ཞིག་བཞག་པའི་རྗེས་སུ་ཡེ་ཤུའི་ཆོས་ཚོགས་ཁག་ཅིག་སྲིད་གཞུང་གི་ཡེ་ཤུའི་ཆོས་ཚོགས་ཁོངས་སུ་ཞུགས་རུང་ཡེ་ཤུའི་ཆོས་དཔོན་ཁག་ཅིག་སྲིད་གཞུང་གི་སྒྲིག་ཁོངས་སུ་མ་ཞུགས་པར་ཡེ་ཤུའི་ཆོས་སྡེའི་སྐྱིད་སྡུག་ཁོངས་ནས་ཕྱི་ལ་བུད་འདུག གཟའ་པ་སངས་ཉིན་གྱི་གཞེན་སྐུལ་ཡིག་ཆ་དེ་རྒྱ་ནག་གི་ཡེ་ཤུའི་ཆོས་དཔོན་ཚོས་སྲིད་གཞུང་ལ་ཐོ་འགོད་བྱེད་པར་མང་ཚོགས་ཀྱི་ངོ་རྒོལ་ཤུགས་ཆེན་མི་འབྱུང་བ་དང་ལས་དོན་སྒྲུབ་བདེ་བའི་ཆེད་དུ་རེད་ཅེས་བཤད།

གདན་ས་ཝྭི་ཊི་ཁན་གྱི་བཀའ་ཡིག་དེར་སྲིད་གཞུང་ལ་ཐོ་འགོད་བྱ་རྒྱུ་ནི་རྒྱ་ནག་གི་ཡེ་ཤུའི་ཆོས་སྡེ་ཁག་གཅིག་སྒྲིལ་ཡོང་བའི་ཆེད་དུ་ཡིན། ཡིན་ནའང་གདན་ས་ཝྭེ་ཊི་ཁན་གྱིས་རྒྱ་ནག་གཞུང་གི་ཡེ་ཤུའི་ཆོས་ཚོགས་ཁོངས་སུ་ཞུགས་འདོད་མེད་པ་དང་གཞུང་གི་ཡེ་ཤུའི་ཆོས་ཚོགས་ཁོངས་སུ་ཞུགས་དགོས་ན་སེམས་ལ་དཀའ་ངལ་ཡོད་པ་དེ་ཚོར་རྒྱུས་ལོན་དང་བརྩི་འཇོག་བྱ་རྒྱུ་ཡིན། ང་ཚོས་རྒྱ་ནག་གཞུང་ལའང་སྲིད་གཞུང་གི་ཆོས་ཚོགས་ཁོངས་སུ་ཐོ་འགོད་མི་བྱེད་པའི་ཡེ་ཤུའི་ཆོས་དཔོན་ཚོར་སྡང་ཟུག་དང་འཇིགས་སྐུལ་མི་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན། བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་གིས་ཐོག་མཐའ་བར་གསུམ་དུ་སྲིད་གཞུང་ལ་ཐོ་འགོད་མི་བྱེད་པའི་ཡེ་ཤུའི་ཆོས་སྡེ་ཁག་ལ་དྲག་གནོན་དང་སྡང་ཟུག འཇིགས་སྐུལ་བྱ་རྒྱུ་རྟག་ཏུ་འབྱུང་གི་འདུག རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོས་རང་གི་ས་གནས་སོ་སོའི་ཡེ་ཤུའི་ཆོས་དཔོན་ཚོས་སྲིད་གཞུང་ལ་ཐོ་འགོད་བྱེད་པའམ། ཡང་ན་སྲིད་གཞུང་ལ་ཐོ་འགོད་མི་བྱེད་པའི་ཐག་གཅོད་ལ་རྒྱ་ཆེའི་ཆོས་དད་པ་མང་ཚོགས་ཀྱིས་གོང་བཀུར་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

XS
SM
MD
LG