ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཞིས་དང་ཊམ་གཉིས་གྲོས་མཐུན་མ་བྱུང་ན་ཚོང་དམག་སྡུག་ཏུ་འགྲོ་ཉེན།


༄༅།། ཕྱི་ཟླ་༦་ཚེས་༢༨་དང་༢༩་གཉིས་ལ་ཧོང་ཀོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ལོགས་སུ་ཐུག་འཕྲད་ཀྱིས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་རྒྱུའི་གྲོས་མཐུན་ཞིག་མ་བྱུང་ཚེ། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཀ་ཡོད་ཅིང་། ཐེངས་འདིར་སྲིད་འཛིན་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་སྒེར་གྱི་འབྲེལ་བ་དམ་ཟབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་ངོ་མ་ཡིན་མིན་ཉམས་ཚོད་ལེན་པའི་གོ་སྐབས་ཤིག་ཏུ་འགྱུར་རྒྱུ་ཡིན་པས་ཉམས་ཞིབ་པ་ཕལ་ཆེ་བས་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་ནི་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་སྡུག་ཏུ་མི་འགྲོ་བ་དང་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་ཐུབ་པའི་མཐུན་རྐྱེན་འབའ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུའི་གྲོས་མཐུན་ཞིག་མ་བྱུང་ན་ཨ་མི་རི་ཀས་སླར་ཡང་ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་པས་ཨ་མི་རི་ཀའི་ཚོང་ལས་ཚན་པ་མང་ཆེ་བས་དངོས་ཟོག་གི་རིན་གོང་འཕར་རྒྱུ་དང་སྔ་མོ་ནས་ཨ་མི་རི་ཀའི་ཚོང་ལས་ཁག་གིས་རྒྱ་ནག་ནས་རིན་གོང་དམའ་བའི་དངོས་ཟོག་ནང་འདྲེན་བྱེད་ཀྱི་ཡོད་པ་མཚམས་ཆད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་འབྲེལ་བ་ཡོད་པའི་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་སྲིད་འཛིན་རྣམ་པའི་ཐུག་འཕྲད་གྲོས་མོལ་སྐབས་སུ་ཕྱོགས་གཉིས་ཀྱི་ཚོང་དོན་འགལ་བ་སེལ་ཐུབ་རྒྱུའི་རེ་ལྟོས་ཆེན་པོ་ཞིག་མ་འཆང་ན་ལེགས་ཞེས་དོགས་ཟོན་བྱེད་ཀྱི་ཡོད་པ་སྟེ། ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཞིག་གིས་རྒྱ་ནག་དང་ཨ་མི་རི་ཀའི་སྲིད་འཛིན་རྣམ་པའི་སྒེར་གྱི་འབྲེལ་བ་བརྟན་པོ་དང་རྒྱུན་ལྡན་ཞིག་རེད། དེས་ན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་ཙམ་ལས་སྲིད་འཛིན་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ལ་སྔོན་དཔག་གི་འགྲེལ་བཤད་གང་ཡང་བརྒྱབ་མེད་པར་མ་ཟད། ཕོ་བྲང་དཀར་པོའི་དཔལ་འབྱོར་ལས་རིགས་ཀྱི་ལས་སྣེ་ཟུར་པ་ཝི་ལིམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་འགོ་ཁྲིད་ཚོས་ལས་དོན་མཉམ་སྒྲུབ་བྱེད་ཐུབ་མིན་དང་ཆབ་སྲིད་ཀྱི་རྩོད་གཞི་རྣམས་སེལ་ཐུབ་མིན། ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཡོད་པ་རྣམས་སེལ་ཐུབ་རྒྱུ་ཡིན་མིན། ཁོ་ཚོས་ཕན་ཚུན་རྒྱུས་ལོན་དང་ཡིད་ཆེས་བྱེད་ཐུབ་རྒྱུ་ཡིན་མིན་ལ་ཐུག་ཡོད་ཅེས་བཤད་འདུག

ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་ཡོད་པས་རྒྱ་ནག་གིས་ཀྱང་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་དེས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་སླར་གསོ་བྱེད་ཐུབ་པའི་རེ་བ་འཆང་གི་ཡོད་པ་སྟེ། རྒྱ་ནག་གི་རྒྱལ་སྤྱིའི་ཚོང་དོན་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ལེང་མིང་གིས་སྲིད་འཛིན་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཁོ་ནས་ཚོང་དམག་འདི་འགོག་ཐུབ། གལ་སྲིད་ཁོ་ཚོ་ཕན་ཚུན་དགའ་མོས་མེད་ན་སྐད་ཆ་ཡང་བཤད་ཀྱི་མ་རེད་ཅེས་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གྱིས་ཐུག་འཕྲད་གྲོས་མོལ་དེར་རེ་ལྟོས་ཤིག་འཆང་གི་ཡོད་པའི་བརྡ་ཞིག་བཏང་འདུག ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་རྒྱ་ནག་གི་མཐོ་རིམ་ལས་སྣེ་ཀྲའོ་ཝེ་ཕིང་ལ་བཅར་འདྲི་ཞུས་པའི་སྐབས་སུ་ལན་འདེབས་བྱས་པ་ལྟར་ན་རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླ་ནི་ཚོང་ལས་དང་སྒོ་ཁྲལ་གཅིག་པུ་མ་རེད། ད་ལྟའི་གནད་འགག་གཙོ་བོ་དེ་ཨ་མི་རི་ཀ་རྒྱ་ནག་ལ་ཅི་ཞིག་ཡིན་པ་དང་རྒྱ་ནག་ཨ་མི་རི་ཀར་ཅི་ཞིག་ཡིན་མིན་གྱི་འགག་རྩར་ཐུག་ཡོད། ང་ཚོས་རྒྱ་ནག་ཨ་མི་རི་ཀའི་དགྲ་ཟླ་ཞིག་ལ་འགྱུར་རྒྱུ་ཡིན་མིན། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་ཐུན་མོང་གི་ཁེ་ཕན་ཡོད་མེད། རྒྱ་ནག་དང་ཨ་མི་རི་ཀ་གཉིས་མཉམ་འབྲེལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་རྒྱུ་ཡིན་མིན་ལ་ཐུག་ཡོད་ཅེས་བསྟན།།

ད་ལྟ་འཛམ་གླིང་ཡོངས་ཀྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་ཐུག་འཕྲད་བྱ་འཆར་ཡོད་པ་དེར་བལྟས་བསྡད་ཡོད་ཀྱང་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་ལ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་དང་གཉིས་པ་གཉིས་ཀྱི་འགལ་ཟླ་སེལ་ཐུབ་པའི་བློ་སྟོབས་ཡོད་མེད་ཐེ་ཚོམ་གྱི་གནས་སུ་ཟད ཀྲའོ་ཝེ་ཕིང་གིས་ཨ་མི་རི་ཀས་རྒྱ་ནག་ལ་གནོན་ཤུགས་སྤྲོད་གང་ཐུབ་བྱས་པ་ལས་རྒྱ་ནག་གི་དགོས་འདུན་ལ་གཏན་ནས་ཉན་གྱི་མི་འདུག འདི་ནི་སྡིགས་སྐུལ་དང་བཙན་དབང་བྱས་པ་ཞིག་ཡིན་པས་གཏན་ནས་འགྲིག་ཐབས་མེད་ཅེས་བཤད། ཨ་མི་རི་ཀའི་རྒྱལ་སྤྱིའི་འཐབ་ཇུས་ཉམས་ཞིབ་ཁང་གི་ཞིབ་འཇུག་པ་སི་ཀོ་ཊི་ཁེ་ཎི་ཌིས་རྒྱ་ནག་དང་ཨ་མི་རི་ཀའི་འགལ་ཟླ་སེལ་པར་རྫུ་འཁྲུལ་གྱི་རྒྱལ་པོ་ལྟ་བུ་ཞིག་དགོས། ཨ་མི་རི་ཀ་དང་རྒྱ་ནག་གི་རྩོད་གཞི་དུས་ཡུན་རིང་པོར་གྲོས་བསྡུར་བྱས་ནས་སེལ་དགོས་པ་དང་མི་གཉིས་ཨོ་ས་ཁ་གྲོང་ཁྱེར་དུ་ཆུ་ཚོད་འགའ་ཞིག་ལ་ཐུག་འཕྲད་བྱས་ནས་སེལ་ཐུབ་པ་ཞིག་མིན་ཞེས་བཤད། ཨ་མི་རི་ཀས་རྒྱ་ནག་གི་ཚོང་ལས་གཉེར་ཕྱོགས་དེར་ཡུན་རིང་གི་བཅོས་སྒྲིག་ཅིག་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།།

XS
SM
MD
LG