ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་དང་བདེ་འཇགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་འཚོགས་ཀྱི་ཡོད་པ་དང་། ཚོགས་འདུའི་སྐབས་སུ་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་མི་སྣ་མང་པོ་ཞིག་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འདུས་ནས་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱ་འཆར་ཡོད་པའི་སྟབས་ཀྱིས་ཉི་ཧོང་གཞུང་གིས་ཨོ་ས་ཁ་གྲོང་ཁྱེར་དུ་སློབ་གྲྭ་མང་པོ་སྒོ་བརྒྱབ་སྟེ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུ་ཐམ་པའི་ཆེས་མཆོའི་འགོ་ཁྲིད་ཚོའི་གྲོས་ཚོགས་སྐབས་ཀྱི་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོབ་ལ་གྲ་སྒྲིག་གཟབ་ནན་བྱེད་ཀྱིན་འདུག་ཅེས་ལྷོ་རྒྱ་ནག་ཞོགས་པའི་ཚགས་པར་གསར་འགྱུར་འཁོད་འདུག

གཟའ་འཁོར་འདིའི་གཟའ་མཇུག་ཏུ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་རྩོད་གཞིར་གྱུར་པའི་སན་ཀ་ཁུའམ། རྒྱ་སྐད་དུ་ཏོ་ཡུད་གླིང་ཕྲན་གྱི་བདག་དབང་ལ་དམིགས་ནས་ངོ་རྒོལ་བྱེད་མཁན་དང་། དེ་སྔོན་རྒྱ་ནག་གཞུང་གིས་ཚོད་འཛིན་དང་དྲག་གནོན་བྱས་པའི་ཧྥ་ལུང་གུང་རྩ་རླུང་་སྒོམ་སྒྲུབ་ཚོགས་པའི་རྒྱབ་སྐྱོར་པ། དེ་མིན་ཉེ་ཆར་ཧོང་ཀོང་དུ་ལག་ལེན་བསྟར་རྒྱུའི་འཆར་འགོད་བྱས་པའི་ཁྲིམས་བཅོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞིར་ངོ་རྒོལ་བྱེད་མཁན་བཅས་འདུས། བཙན་བྱོལ་དུ་ཡོད་པའི་ཡུ་གུར་བའི་དབུ་ཁྲིད་རི་བྷི་ཡ་ཁ་དྷིར་ལ་ཚོགས་ཆེན་དེའི་སྐབས་སུ་ཉི་ཧོང་དུ་བསྐྱོད་ཆོག་པའི་ཐོངས་མཆན་སྤྲད་མེད་ཅིང་། རྒྱ་ནག་གཞུང་གིས་ཉི་ཧོང་ལ་ཚོགས་ཆེན་འཚོགས་བཞིན་པའི་སྐབས་སུ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱེད་མཁན་རྣམས་ཧོང་དུ་ཡོང་ཆོག་པའི་ཐོངས་མཆན་སྤྲད་ན་ངོ་རྒོལ་ཡོད་ཅེས་ཉེན་བརྡ་བཏང་བའི་གནས་ཚུལ་ཡང་ཐོན་འདུག

འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་འགོ་ཁྲིད་ཚོའི་ཚོགས་ཆེན་འདི་གཟའ་འཁོར་འདིའི་གཟའ་པ་སངས་ནས་འགོ་བཙུགས་ཏེ་ཉིན་གྲངས་གཉིས་ལ་འཚོགས་ཀྱི་ཡོད་པ་དང་། ཚོགས་འདུ་འདིར་ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་གཙོས་རྒྱལ་ཁབ་དང་ཚོགས་སྡེ་སུམ་བཅུ་སོ་གྲངས་ཀྱི་འགོ་ཁྲིད་མི་སྣ་སོགས་མཉམ་ཞུགས་བྱེད་ཀྱི་ཡོད་པས་ཚོགས་འདུ་རྒྱ་ཆེ་ཞིང་། དེའི་སྟེང་དུ་ངོ་རྒོལ་ལས་འགུལ་སྤེལ་མཁན་སོགས་མི་མང་པོ་ཞིག་ཨོ་ས་ཁ་གྲོང་ཁྱེར་དུ་འདུ་འཛོམས་བྱུང་ཚེ་བདེ་འཇགས་ནི་གནད་དོན་གཙོ་བོ་ཞིག་ཆགས་ཡོད། ཐེངས་འདིའི་ཚོགས་ཆེན་སྐབས་སུ་ཕྱི་ནས་ཡོང་བའི་མི་༣༠༠༠༠་ལྷག་གྲོང་འཁྱེར་དེར་འཛོམས་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་ཉི་ཧོང་གི་ཉེན་རྟོག་པ་༣༢༠༠༠་ལྷག་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་དུ་བཀོད་སྒྲིག་བྱེད་ཀྱི་ཡོད་པར་མ་ཟད། ཨ་ས་ཁ་གྲོང་ཁྱེར་གྱི་མི་རྣམས་ཚོགས་འདུའི་རིང་ལ་གྲོང་ཁྱེར་དཀྱིལ་དུ་འདུ་འཛོམས་རྒྱ་ཆེན་པོ་བྱེད་མི་པར་ཐག་རིང་སར་སྡོད་དགོས། འགྲོ་སྐྱོད་ཀྱི་དུས་སུ་མི་རྣམས་སྤྱི་འཁོར་དུ་འདུག་པ་ལས་སྒེར་གྱི་རླངས་འཁོར་གཏོང་ཆོག་པ་སོགས་ཀྱི་གསལ་འདེབས་བྱས་འདུག

ཚོགས་འདུ་འཚོགས་པའི་ཉིན་གཉིས་རིང་ལ་སློབ་གྲྭ་༧༠༠་ལྷག་གི་སློབ་ཕྲུག་རྣམས་གུང་གསེང་བཏང་བ་སོགས་བདེ་འཇགས་སྲུང་སྐྱོབ་གཙིགས་སུ་འཛིན་གྱི་ཡོད་ཅིང་། ཐེངས་འདིའི་ཚོགས་འདུ་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཡང་མཉམ་ཞུགས་བྱེད་ཀྱི་ཡོད་པ་ལྟར་ཉི་ཧོང་གི་སྲིད་བློན་ཤཱིན་ཛོ་ཨ་བྷེ་དང་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན། གཞན་ཡང་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་དང་རྒྱ་གར་གྱི་སྲིད་བློན་སོགས་ལའང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཐུག་འཕྲད་གྲོས་མོལ་བྱེད་ཀྱིན་འདུག་ཅེས་གསར་འགྱུར་བརྒྱུད་ལམ་ཁག་དུ་གནས་ཚུལ་སྤེལ་འདུག

ཁྱད་པར་དུ་ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གཙོ་འཛིན་གཉིས་ཐུག་འཕྲད་ཀྱིས་རྒྱུན་རིང་འགགས་པའི་གྲོས་མོལ་སླར་གསོ། ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཕན་ཚུན་སྒོ་ཁྲལ་སྤར་རེས་ཀྱི་གནད་དོན་འདི་ཐག་གཅོད་བྱ་ཐུབ་མིན། ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་གཙོ་འཛིན་ལ་ཉེ་ཆར་ཧོང་ཀོང་དུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་འཆར་ལག་བསྟར་བྱ་འཆར་དེར་་མི་དམངས་ཀྱིས་ངོ་རྒོལ་བྱས་པའི་གནད་དོན་ཐད་དུ་གླེང་སློང་བྱ་རྒྱུ་ཡིན་མིན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་གནད་དོན་ཁག་རེད།

XS
SM
MD
LG