ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་མི་ནག་ཚོང་གི་སྙན་ཐོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་༢༠༡༩་ལོའི་རྒྱལ་སྤྱིའི་སྟེང་གི་མི་ནག་ཚོང་ཐད་ཀྱི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་དུ་༢༠༡༩་ལོར་རྒྱ་ནག་ནི་རྒྱལ་སྤྱིའི་སྟེང་གི་མི་ནག་ཚོང་བྱེད་མཁན་གྱི་རྒྱལ་ཁབ་ཆེས་སྡུག་ཤོས་དེ་ཡིན་པའི་འགྲེལ་བཤད་བྱས་འདུག ད་དུང་སོ་ཌི་ཨ་རེ་བྷི་ཡ་དང་བྱང་ཀོ་རི་ཡ། ཀུ་པ། ཨུ་རུ་སུ། ཝྭེ་ནེ་ཛུ་ལ། སི་རི་ཡ་སོགས་ཀྱིས་མི་ནག་ཚོང་བྱེད་བཞིན་པའི་ཚད་གཞི་ནི་རྒྱ་ནག་ལ་བསྡུར་ན་ཐབས་རྡུགས་ཨང་གསུམ་པ་རེད་ཅེས་འཁོད། ཨ་རིའི་ཕྱི་སྲིད་དྲུང་ཆེས་སྙན་ཐོ་འདི་བཏོན་པ་དེའི་ཐད་དུ་གཏམ་བཤད་བྱས་པ་ལྟར་ན་རྒྱ་ནག་གིས་མི་ནག་ཚོང་གི་བྱ་སྤྱོད་ལ་གཏན་ནས་ཚོད་འཛིན་མེད་པའི་སྟབས་ཀྱིས་རྒྱལ་སྤྱིའི་མི་ནག་ཚོང་གི་ཁྲིམས་འགལ་ཆེས་སྡུག་ཤོས་སུ་གྱུར་སླེབས་འདུག

ད་སྔ་དེའི་ཐད་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་ཐེབས་མི་འདུག རྒྱལ་ཁབ་ཁ་ཤས་ཀྱི་འཛིན་སྐྱོང་གཞུང་གིས་སོ་སོའི་རྒྱལ་ཁབ་ཀྱི་ནང་དུ་མི་ནག་ཚོང་བྱ་རྒྱུ་དར་ཁྱབ་འབྱུང་དུ་འཇུག་གི་ཡོད་ཀྱང་རྒྱལ་ཁབ་ཁ་ཤས་ཀྱི་སྲིད་གཞུང་ནི་མི་ནག་ཚོང་བྱེད་མཁན་གཏེ་དཔོན་དེར་གྱུར། རྒྱ་ནག་ལ་མཚོན་ན་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཀག་ཉར་ཁང་དུ་བཅུག མི་མང་པོ་ཞིག་ལ་བཙན་གྱིས་གྱོན་གོས་དང་ས་གདན། གཙང་བཟོའི་ཡོ་ཆས་ཀྱི་རིགས་སོགས་དང་ཐོན་རྫས་ཀྱི་རིགས་གཞན་པ་བཟོ་སྐྲུན་བྱེད་དུ་འཇུག་གི་ཡོད་ཅེས་བཤད།

ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་འོག་མའི་འཐུས་མི་ཁེ་རོད་སི་སི་མད་སིས་ཨ་རིས་༢༠༡༩་ལོར་བཏོན་པའི་མི་ནག་ཚོང་ཐད་ཀྱི་སྙན་ཐོ་འདིའི་ནང་དུ་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་མི་འབོར་ལ་ཚོད་འཛིན་བྱེད་བཞིན་ཡོད་པ་སྟེ། བུད་མེད་ལ་བཙན་དབང་གིས་མངའ་ཆགས་ཕྲུ་གུ་འདོན་དུ་འཇུག་པ་དང་བུད་མེད་ཀྱི་སྐྱེ་སྒོ་འགོག་པ་སོགས་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ཕོ་མཆོིག་མོ་དམན་གྱི་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་འོག་ཏུ་རྒྱ་ནག་གི་ཕོ་མོ་གཉིས་ཀྱི་གྲངས་འབོར་ཆ་མཉམ་མེད་པར་བུ་མོ་༡༠༠་དང་བུ་༡༡༧་གྱི་བརྒྱ་ཡི་བསྡུར་ཚད་ཡིན་འདུག རྒྱ་ནག་གི་སྐྱེས་པ་ཕོའི་གྲངས་འབོར་བུད་མེད་ལས་མང་བ་འདིས་རྒྱ་ནག་ཏུ་སྐྱེས་པ་རྣམས་ཀྱིས་བཟའ་ཟླ་རྒྱལ་ཁབ་གཞན་ནས་འཚོལ་དགོས་པའི་གནས་སུ་ལྷུང་། རྒྱ་ནག་དུ་སྨད་ཚོང་མའི་དགོས་མཁོ་ཆེ་རུ་འགྲོ་བཞིན་འདུག་ཅེས་བཀོད། རྒྱ་ནག་ཏུ་ཕོ་མོའི་མང་ཉུང་གི་ཁྱད་པར་ཁྱད་ཆེན་པོ་བྱུང་ཡོད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་རྐྱེན་པས་མངལ་གྱི་བྱིས་པ་བུ་མོ་ཁྲི་སྟོང་མང་པོ་འདོན་གྱི་ཡོད་པར་འབྲེལ་བ་འདུག་ཅེས་བཤད།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གིས་མི་ནག་ཚོང་གི་ཐད་དུ་ནུས་པ་ཆེན་པོ་བཏོན་མེད་པ་མངོན་གསལ་ཡིན་རུང་གནད་དོན་ཁ་ཤས་ལ་བལྟས་ན་སྔར་བཞིན་མི་ནག་ཚོང་གི་གནད་དོན་སེལ་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་སྒྲིག་འཛུགས་ཁག་དང་མཉམ་འབྲེལ་བྱས་ནས་དཀའ་ངལ་སེལ་ཐབས་བྱས་ཡོད་པ་སྟེ། རྒྱ་ནག་དུ་བཙན་གྱིས་གཉེན་སྒྲིག་བྱེད་དུ་འཇུག་པའམ། ཡང་ན་མགོ་སྐོར་བཏང་ནས་གཉེན་སྒྲིག་བྱེད་དུ་འཇུག་པ། ཆགས་སྲེད་སྤྱོད་ངན་གྱི་ལས་སུ་མཉམ་ཞུགས་བྱེད་མཁན་གྱི་དཔོན་རིགས་སོགས་ལ་ཚ་འདེད་བཏང་ནས་མི་ནག་ཚོང་གི་བྱ་སྤྱོད་ཐེར་འདོན་བྱེད་ཐབས་ཁ་ཤས་ཞིག་སྤེལ་ཡོད་པ་རྣམས་ཐེངས་འདིའི་སྙན་ཐོ་དེར་བཀོད། ད་སྔ་རྒྱ་ནག་དང་བྱང་ཀོ་རི་ཡ། སོ་ཌོ་ཨ་རེ་བི་ཡ་སོགས་ཀྱིས་མི་ནག་ཚོང་བྱེད་མཁན་ཐེར་འདོན་བྱ་རྒྱུའི་ལས་དོན་ལ་འཐུས་ཤོར་ཚབས་ཆེན་ཕྱིན་ཡོད་པ་ནི་མ་འོངས་པར་ཨ་རིས་རྒྱལ་ཁབ་དེ་ཚོར་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུ་ཤུགས་ཆེ་རུ་གཏོང་སྲིད། སྙན་ཐོ་འདི་བཏོན་པའི་རྗེས་སུའང་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱལ་ཁབ་འདི་དག་ལ་ཉེན་བརྡ་བཏང་སྟེ་མི་ནག་ཚོང་རྒྱག་བཞིན་པར་ངོ་རྒོལ་མ་བྱས་ན་ཨ་རིས་རྒྱལ་ཁབ་དེ་ཚོར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད། ད་ལྟ་འཛམ་གླིང་གི་ས་གནས་གང་སར་བྱིས་པ་ཚུད་པའི་མི་༢༥༠༠༠༠༠་བཙན་གྱིས་ངལ་རྩོལ་སྐུལ་བ་དང་སྨད་ཚོང་ལས་སུ་འཇུག་གི་ཡོད་ཅིང་། ཨ་རི་ལའང་མི་ནག་ཚོང་རྒྱག་རྒྱུ་འབྱུང་གི་ཡོད་པས་གྲོང་ཁྱེར་ཁག་གིས་དེ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་་བཤད། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བཏོན་པའི་བརྟག་དཔྱད་སྙན་ཐོ་འདིར་འཛམ་གླིང་རྒྱལ་ཁབ་༡༨༧་་བཅུ་གྱིས་བསྐྱར་ཞིབ་བྱས་ཡོད་པ་རེད།།

XS
SM
MD
LG