ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཞིས་ཅིན་ཕིང་གི་བྱང་ཀོ་རི་ཡའི་འཚམས་འདྲི།


༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་བཟའ་ཟླ་ཕེང་ལི་ཡོན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་ཡོད་ཅིང་། འདི་ནི་དུས་ཡུན་ཟླ་བ་བཅོ་ལྔའི་རིང་ལ་ཞིས་ཅིན་ཕིང་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་ལྔ་པ་དང་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཏང་སྲིད་དམག་གི་འགོ་ཁྲིད་ཀྱི་མཚན་གནས་བཞེས་པའི་རྗེས་སུ་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་བྱང་ཀོ་རི་ཡ་དང་རྒྱ་ནག་གི་འགོ་ཁྲིད་རྣམ་པའི་གྲོས་གཞི་གཙོ་བོ་ཞིག་ཨ་མི་རི་ཀ་ཡིན་པ་སྟེ། དེང་སྐབས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་བྱས་པར་གྲུབ་འབྲས་གང་ཡང་མ་ཐོན་པའི་དཀའ་ངལ་འཕྲད་ཡོད། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་གིས་ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་གཉིས་ཀྱིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་པོ་རྡུལ་ཕྲན་མཚན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་གྲོས་མོལ་བྱ་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་ལས། ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་གཉིས་ཀྱིས་གནད་དོན་གཞན་པ་གང་གང་ལ་གྲོས་བསྡུར་བྱ་འཆར་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་སྤེལ་མེད་པ་རེད།།

བདུན་ཕྲག་རྗེས་མར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་དང་སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ལོགས་སུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པར་བརྟེན། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་བརྒྱུད་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་གཏམ་འཕྲིན་ཞིག་བསྐུར་ཏེ་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་གྲོས་མོལ་མཚམས་ཆད་པ་སླར་གསོ་ཡོང་ཐུབ་པའི་འབད་བརྩོན་བྱ་སྲིད། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་སོགས་བྱང་ཀོ་རི་ཡའི་གནམ་ཐང་དུ་འབྱོར་པའི་སྐབས་དེར་གནམ་ལ་མེ་སྒྱོགས་༢༡་བརྒྱབ་ནས་ཆེ་བསྟོད་ཀྱི་བསུ་བ་ཞུས་པར་མ་ཟད། བྱང་ཀོ་རི་ཡའི་དམག་དང་སློབ་ཕྲུག གཞུང་གི་ལས་བྱེད་པ་བཅས་མི་ཁྲི་ཚོ་༡་ལྷག་གིས་མེ་ཏོག་བཟུང་ནས་གནམ་ཐང་དུ་འདུས་ཏེ་དགའ་བསུ་ཞུས། ཀིམ་ཇུང་ཨུན་དང་བཟའ་ཟླ་རི་སོལ་ཇུ་གཉིས་དངོས་སུ་གནམ་ཐང་ལ་ཕེབས་ནས་རྒྱ་ནག་གི་སྐུ་ཚབ་ཚོགས་པར་དགའ་བསུ་ཞུས། བྱང་ཀོ་རི་ཡའི་རྒྱལ་ས་ཕིང་དབྱང་གྲོང་ཁྱེར་གྱི་རྒྱ་ལམ་གཡས་གཡོན་གཉིས་སུ་མི་དམངས་རྣམས་རུ་སྒྲིག་ནས་རྒྱ་ནག་གི་རྒྱལ་དར་དང་བྱང་ཀོ་རི་ཡའི་རྒྱལ་དར་འཕྱར། བྱང་ཀོ་རི་ཡའི་རོ་ཏུང་ཤིན་མུན་ཉིན་རེའི་ཚགས་པར་གྱིས་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་ནི་མིའི་ཚེ་སྲོག་དང་ཤ་ཁྲག་གི་འགྲོ་གྲོན་བཏང་ནས་ཚུགས་པའི་འབྲེལ་བ་ཞིག་ཡིན། རྒྱ་ནག་དང་བྱང་ཀོ་རི་ཡའི་མཛའ་འབྲེལ་དེ་སུ་གཅིག་གིས་ཀྱང་གཏོར་མི་ཐུབ་ཅེས་ཆེད་བརྗོད་བཀོད།

སྲིད་དོན་ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་རྗེས་སུ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་ཡར་རྒྱས་གཏོང་སྲིད་པ་དང་ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཕྱིར་འཐེན་ཡོང་ཐབས་སུ་རྒྱ་ནག་གིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་ཞུ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ཧོང་ཀོང་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་ཇཱེམ་སི་ཌོན་གྱིས་ཐེངས་འདིའི་འཚམས་འདྲིའི་སྐབས་སུ་རྒྱ་ནག་དང་བྱང་ཀོ་རི་ཡས་ཆབ་སྲིད་དང་ས་ཁམས་འཐབ་ཇུས་ཐོག་ཏུ་ཐུན་མོང་གི་གཞི་རྟེན་ཞིག་རྙེད་སྲིད། བྱང་ཀོ་རི་ཡ་རྒྱ་ནག་གི་ཤུགས་རྐྱེན་འོག་ཏུ་ཡོངས་སུ་ཚུད་ན་ཨ་མི་རི་ཀར་གྲོས་མོལ་བྱེད་དུས་རྒྱ་ནག་ལ་ལག་ཆ་ནུས་པ་ཞིག་ཏུ་འགྱུར་ཐུབ། མཐར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་ཀྱང་ཨ་མི་རི་ཀ་དང་རྒྱ་ནག་བཅས་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་གཅིག་ལ་བརྟེན་དགོས། མདོར་ན་གནས་སྐབས་རིང་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་སྲ་བརྟན་བྱུང་བ་རེད་ཅེས་བཤད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཀོ་རི་ཡའི་ཞིབ་འཇུག་གི་ཉམས་ཞིབ་པ་ཁ་ཛི་ཡན་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་ཀྱང་བྱང་ཀོ་རི་ཡ་དང་རྒྱ་ནག་གཉིས་ཀྱིས་ཨ་མི་རི་ཀར་གནོན་ཤུགས་སྤྲོད་རྒྱུའི་ཐབས་ཇུས་ཤིག་འཛིན་ཅེས་ཅེས་བཤད།

༢༠༡༩་འདི་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་༧༠་འཁོར་བའི་དུས་དྲན་ཡིན། ཉམས་ཞིབ་པ་ཕལ་ཆེ་བས་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པའི་དུས་ཚོད་འདིར་གོ་དོན་ཟབ་མོ་ཞིག་ཡོད། བདུན་ཕྲག་རྗེས་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་པའི་འབད་བརྩོན་བྱ་ངེས་ཡིན། འོན་ཀྱང་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་དེར་གྲུབ་འབྲས་འཐོན་རྒྱུ་ཡིན་མིན་ངེས་གཏན་མེད། གལ་སྲིད་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་རྣམ་པའི་ཐུག་འཕྲད་གྲོས་མོལ་དེར་གྲུབ་འབྲས་མ་ཐོན་ན་ཨ་མི་རི་ཀས་སླར་ཡང་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་ཉེན་ཀ་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་དེ་ལ་ཁ་གཏད་གཅོག་པར་བྱང་ཀོ་རི་ཡ་རྒྱ་ནག་གི་ལག་ཆ་ཡག་པོ་ཞིག་ལ་བཀོལ་སྤྱོད་གཏོང་རྒྱུ་གྲ་སྒྲིག་བྱ་དགོས་ཐུག་ངེས་རེད་ཅེས་དཔྱད་བརྗོད་སྤེལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སླར་ཡང་ཨ་སྒོར་ཐེར་འབུམ་༣༠༠་ལྷག་གི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་སྲིད་ཅེས་ཉེན་བརྡ་བཏང་ཡོད། བདུན་ཕྲག་རྗེས་མར་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་ལ་གྲུབ་འབྲས་མ་ཐོན་ན་རྒྱ་ནག་གིས་བྱང་ཀོ་རི་ཡར་དཔལ་འབྱོར་མཉམ་འབྲེལ་དང་ཚོང་ལས་སྒོ་འབྱེད་ཀྱི་འབྲེལ་བ་ཞིག་འཛུགས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཕན་ཚུན་ཡིད་ཆེས་མེད་པ་དང་བློ་དོགས་ཡོད་པ་སེལ་ཐབས་སུ་རྒྱ་ནག་གིས་གྲུབ་འབྲས་ལྡན་པ་དང་ཐུན་མོང་མ་ཡིན་པའི་ལས་འགན་ཞིག་བསྒྲུབ་ཐུབ་པའི་རེ་བ་ཡོད། བྱང་ཀོ་རི་ཡ་དང་ཨ་མི་རི་ཀ་གཉིས་ཀས་ཕྱོགས་གཉིས་ཀྱི་གྲོས་མོལ་དེར་རྒྱུ་མཚན་དང་གནས་ལུགས་ལ་མཐུན་པའི་རེ་ལྟོས་ཤིག་འཆང་དགོས། ཁོ་ཚོའི་སུ་ཞིག་ཡིན་རུང་ཕྱོགས་གཅིག་རྐྱང་པས་དོན་དངོས་སུ་བསྒྲུབ་མི་ཐུབ་པའི་དགོས་འདུན་བཏོན་ན་དགེ་མཚན་མེད་ཅེས་རྩོམ་ཡིག་ཅིག་སྤེལ། ༢༠༡༦་ལོར་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་སོང་བའི་བྱང་ཀོ་རི་ཡའི་ཕྱི་འབྲེལ་མི་སྣ་ཟུར་པ་ཐེ་ཡུང་ཧོ་ཡིས་བཤད་པ་ལྟར་ན་ཀིམ་ཇུང་ཨུན་གྱིས་རྡུལ་ཕྲན་ལས་གྲྭ་ཁག་ཅིག་སྒོ་རྒྱག་ཆོག རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་པ་ཡོང་ཐུབ་པའི་བར་འདུམ་བྱ་དགོས་ཞེས་རེ་བ་འདོན་སྲིད། ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་གྲོས་མོལ་རྒྱུན་འཁྱོངས་བྱ་ཐབས་བྱེད་ཀྱི་ཡོད་པའི་དམིགས་ཡུལ་ནི་བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་ངོས་ལེན་ཐོབ་པའི་ཆེད་དུ་རེད་ཅེས་བཤད་འདུག ཡིན་ནའང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་དགོས། ཨ་མི་རི་ཀས་ནམ་ཡང་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་ངོས་ལེན་བྱ་རྒྱུ་མིན་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG