ངོ་འཕྲད་བདེ་བའི་དྲ་འབྲེལ།

ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་ཐུག་འཕྲད་བྱ་འཆར།


༄༅།། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་གཞི་རྩའི་འགལ་ཟླ་སེལ་ཕྱོགས་ལ་གྲོས་མོལ་བྱེད་ཐུབ་པའི་རེ་བ་ཡོད། ཁ་སང་གཟའ་མིག་དམར་ཉིན་ང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཁ་པར་ནང་དུ་བཀའ་མོལ་ལྷུག་པོ་བྱུང་སོང་། གཟའ་འཁོར་རྗེས་མར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཞོར་དུ་ང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་བྱ་འདོད་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀྱང་ཊོས་ཊར་དྲྭ་ལམ་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཁ་པར་ཐོག་ཏུ་བཀའ་མོལ་ལྷུག་པོ་བྱུང་སོང་། ང་ཚོ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ཚོགས་ཆེན་ཞོར་དུ་དུས་ཚོད་ཕར་འགྱངས་བྱས་ནས་ཐུག་འཕྲད་བྱ་འཆར་ཡོད། ང་ཚོ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་བ་རྣམས་དེའི་སྔོན་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ། ཕྱི་ཟླ་༦་ཚེས་༢༨་དང་༢༩་གཉིས་ལ་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་༢༠༡༩་ལོའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་རེད།།

ཟླ་བ་སྔོན་མའི་མགོ་སྟོད་དེར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་མཚམས་ཆད། དེའི་རྗེས་སུ་ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར། ད་དུང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་སྒོར་ཐེར་འབུམ་༣༠༠་ལྷག་གི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་སྲིད་ཅེས་སྡིགས་ར་བསྐུལ། ཕྱི་ཟླ་༥་པའི་མགོ་སྟོད་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོ་ཐུག་འཕྲད་གྲོས་མོལ་ཙམ་ཡང་བྱེད་ཐུབ་མེད། འོན་ཀྱང་ཕྱོགས་གཉིས་ཀྱི་གཞུང་འབྲེལ་མི་སྣ་ཚོས་བདུན་ཕྲག་རྗེས་མར་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། གཅིག་བྱས་ན་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་འདིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་སླར་གསོ་བྱེད་ཐུབ་པའི་རེ་བ་ཡོད་སྲིད། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྔ་ལོ་ནས་རྒྱ་ནག་གིས་ཨ་མི་རི་ཀར་གསང་ཉུལ་བཏང་ནས་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། ཚན་རིག་དང་འཕྲུལ་རིག་ལག་རྩལ། སྨན་དང་རྫས་སྦྱོར། དམག་དོན་སོགས་ཀྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་ནག་ཉེས་བཙུགས་པ་དང་ཕྱོགས་གཉིས་ཀྱི་ཚོང་དམག་གི་རྗེས་སུ་སྐྱོན་འཛུགས་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། ཨ་མི་རི་ཀས་རྒྱ་ནག་གི་སློབ་ཕྲུག་ཚོར་སློབ་སྦྱོང་ཐོངས་མཆན་སྤྲོད་རྒྱུ་དམ་དུ་བཏང་བ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀའི་བཟོ་ལས་དང་ཚོང་ལས་ཁག་ཅིག་ལ་མ་རྩ་འཛུགས་འཇོག་བྱེད་མི་ཆོག་པ། རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་ཨ་མི་རི་ཀའི་སློབ་ཆེན་ཁག་ཏུ་བཙུགས་པའི་ཁུང་ཙིའི་སློབ་གླིང་ཁག་ལ་དོགས་ཟོན་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག

ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་བ་ཟུར་པ་ཝིན་ཌི་ཁ་ཊི་ལར་གྱིས་རྒྱ་ནག་དང་ཨ་རིའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་དེར་གྲུབ་འབྲས་ངེས་ཅན་ཞིག་ལས་འཐོན་ཐུབ་རྒྱུ་ཁག་པ་ཡིན་སྲིད། ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་དེའི་གྲུབ་འབྲས་ནི་ན་ནིང་ལོ་མཇུག་དེར་ཨར་ཆིན་ཊི་ནར་ཐུག་འཕྲད་བྱས་པ་ལྟར་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུ། ཨ་རི་དང་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོས་ཕྱོགས་གཉིས་ཀྱི་འགལ་ཟླ་སེལ་ཐུབ་མེད་པ་རྣམས་ཇི་ལྟར་ཐག་གཅོད་བྱ་དགོས་མིན་ལ་ལམ་སྟོན་བྱ་རྒྱུ། དེ་ནས་གནས་སྐབས་རིང་ཕྱོགས་གཉིས་ཀྱིས་སྒོ་ཁྲལ་སྤར་རྒྱུ་མཚམས་འཇོག་བྱ་དགོས་པའི་གྲོས་མཐུན་ཞིག་འཇོག་ཐུབ་པའི་རེ་བ་ཡོད། ཡིན་ནའང་ང་ཚོས་གྲུབ་འབྲས་དེ་འདྲ་ཞིག་འབྱུང་རྒྱུ་ཁག་ཐེག་བྱེད་ཐུབ་པ་ཞིག་མིན། ཨ་མི་རི་ཀས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་འབྲེལ་གཅོད་མི་ཆོག་ཅེས་རྒྱ་ནག་གིས་མཁྲེགས་འཛིན་ཇི་ལྟར་བྱ་རྒྱུ་ཡིན་མིན་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་དེ་ལ་ཕྱིར་ལན་ཇི་ལྟར་སློག་རྒྱུ་ཡིན་མིན་ངེས་གཏན་མེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་བདེ་འཇགས་ལ་ཐུག་ན་གུ་བཤངས་སོར་གང་བྱ་རྒྱུ་མིན་ཞེས་ངར་སྐད་སྒྲོགས་ཀྱི་ཡོད་པས་ཉམས་ཞིབ་པ་ཕལ་ཆེ་བས་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་ཐུག་འཕྲད་བྱས་ཀྱང་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་ཐུབ་རྒྱུ་ཡིན་མིན་ཚོད་དཔག་དཀའ་བ་ཞིག་ཏུ་གྱུར་འདུག

རྒྱ་ནག་གི་རྒྱལ་སྤྱིའི་ཚོང་ལས་དང་དཔལ་འབྱོར་སློབ་གྲྭ་ཆེན་མོའི་སློབ་དཔོན་ཚུའི་ཧྥན་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་གི་གྲོས་མཐུན་མ་བྱུང་ཡང་ཕྱོགས་གཉིས་མཉམ་འབྲེལ་བྱ་དགོས་པའམ། ཡང་ན་མཉམ་འབྲེལ་བྱ་ཐུབ་ས་མང་པོ་ཞིག་ཡོད་པ་དེར་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་འབྱུང་སྲིད། དཔེར་ན་རྒྱ་ནག་གི་བཟོ་ལས་ཡར་རྒྱས་ཕྱིན་ཡོད་པ་དང་ཨ་མི་རི་ཀར་རྟག་ཏུ་འགྲན་རྩོད་བྱེད་ཐུབ་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་རིག་དངོས་བདག་དབང་ལ་སྲུང་སྐྱོབ་དང་མ་རྩ་འཛུགས་འཇོག་ལ་སྐུལ་ལྕག་གཏོང་དགོས་པའི་ལྟ་ཚུལ་གཅིག་མཚུངས་ཤིག་བཟུང་ཡོད་ཅེས་བཤད། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་སྲིད་འཛིན་ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཚོང་ལས་དང་དཔལ་འབྱོར་གྱི་གནད་དོན་ཐོག་ཏུ་གྲོས་མོལ་འདྲ་མཉམ་བྱ་དགོས། གཅིག་གི་དཀའ་ངལ་དང་བློ་འཚབ་ལ་ཅིག་ཤོས་ཀྱིས་ཉན་ཐུབ་པ་ཞིག་བྱ་དགོས། ཨ་མི་རི་ཀས་རྒྱ་ནག་ལ་འདྲ་མཉམ་གྱི་ལྟ་ཚུལ་ཞིག་བཟུང་ནས་གྲོས་མོལ་བྱ་རྒྱུའི་རེ་བ་ཡོད་ཅེས་བཀའ་མོལ་གནང་ཡོད་པའི་གསར་འགྱུར་སྤེལ་འདུག ཨ་རིའི་ཚོང་དོན་གྲོས་མོལ་གྱི་འགོ་ཁྲིད་གཞོན་པ་ཟུར་པ་རཱི་ཌེས་ཀྱིས་རྒྱ་ནག་གི་གསར་འགྱུར་ནང་དུ་ཞིས་ཅིན་ཕིང་ལ་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་དགོས་པ་དང་འུ་ཐུག་ཡོད་པའི་རྣམ་པ་ཞིག་ཐོན་དུ་བཅུག་མེད་པར་མ་ཟད། ཨ་མི་རི་ཀ་འུ་ཐུག་ནས་རྒྱ་ནག་ལ་ཚོང་དོན་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་དང་རྒྱ་ནག་གིས་དེ་ལ་བསམ་ཤེས་བྱས་ནས་ཨ་མི་རི་ཀའི་འབོད་སྐུལ་ཁ་ཡ་བྱེད་ཀྱི་ཡོད་པའི་བརྡ་ཞིག་བཏང་འདུག་ཅེས་བཤད། ཟླ་བ་སྔོན་མར་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་མཚམས་ཆད་པའི་རྗེས་སུ་ཨ་མི་རི་ཀས་རྒྱ་ནག་ཁ་ཏན་ཚིག་ལ་མ་གནས་པ་རེད་ཅེས་སྐྱོན་འཛུགས་བྱས་པ་དང་རྒྱ་ནག་གིས་ཨ་མི་རི་ཀས་འདྲ་མཉམ་དང་དྲང་སྙོམས་ཀྱི་གྲོས་མོལ་ཞིག་བྱེད་ཀྱི་མི་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་པ་རེད།།

XS
SM
MD
LG