ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཕྱིར་ཕུད་བྱ་སྲིད།


༄༅།། ཕྱི་ཟླ་༦་ཚེས་༡༨་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དངོས་སུ་༢༠༢༠་ལོའི་སྲིད་འཛིན་འོས་མིར་བསྐྱར་དུ་ལང་རྒྱུའི་འོས་འདེམས་ལས་འགུལ་འགོ་འཛུགས་ཀྱི་ཡོད་ཅིང་། མདང་དགོང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་ཁྲིམས་འགལ་དུ་ཡོང་བའི་ཕྱི་མི་གཞིས་ཆགས་པ་ས་ཡ་མང་པོ་ཡོད་པ་རྣམས་ཕྱིར་ཕུད་བྱ་རྒྱུ་ཡིན། ཨ་རིའི་འགག་སྒོའི་ལས་སྣེ་ཚོས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཚོར་དབྱེ་གསེས་བྱས་ནས་མྱུར་དུ་རང་ཡུལ་ལ་ཕྱིར་སློག་བྱ་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཞིག་གིས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ས་ཡ་༡་ལྷག་ལ་ཨ་མི་རི་ཀའི་ཁྲིམས་ཁང་ཁག་གིས་སྐྱབས་བཅོལ་བའི་ཐོབ་ཐང་མ་སྤྲད་པར་རང་ཡུལ་ལ་ཕྱིར་ལོག་བྱ་དགོས་ཞེས་མཐའ་མའི་ཐག་གཅོད་བྱུང་ཡོད། ཁོ་ཚོ་རང་གི་རྒྱལ་ཁབ་སོ་སོར་ཕྱིར་ཕུད་གཏོང་རྒྱུ་གཙིགས་སུ་འཛིན་དགོས་ཀྱིན་འདུག དཔེར་ན་མི་ཚོགས་སྡེབ་འཛིན་དང་ཕྱིར་ཕུད། ས་མཚམས་ཀྱི་སྐྱབས་བཅོལ་བའི་སྣེ་ལེན་ཁང་སྒོ་བརྒྱབ་ནས་ཨ་མི་རི་ཀའི་སྤྱི་ཚོགས་སུ་སྐུང་ནས་སྡོད་ས་མེད་པའི་བརྡ་ཞིག་བཏང་ན་ཨ་མི་རི་ཀར་སྐྱབས་བཅོལ་བ་གསར་པ་མི་ཡོང་བའི་ཕན་ཐོགས་ཡོད་ཅེས་བཤད་ཀྱང་ཁྲིམས་ཁང་གི་ཐ་ཚིག་བསྒྲགས་པའི་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་རང་ཡུལ་ཕྱིར་ལོག་བྱེད་ཀྱི་མེད་པ་རེད།།

ལྷོ་ཨ་མི་རི་ཀ་དང་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ནས་ལོ་ལྟར་ཨ་མི་རི་ཀར་སྐྱབས་བཅོལ་བ་ཁྲི་ཚོ་མང་པོ་ཞིག་ཡོང་གི་ཡོད་པར་མ་ཟད། སྐྱབས་བཅོལ་བ་མང་པོ་ཞིག་ཕ་མ་མཉམ་དུ་མེད་པའི་ཕྲུ་གུ་རྣམས་ཡིན་ཞིང་། ཁོ་ཚོར་ཨ་རིའི་གཞུང་གིས་ས་མཚམས་སུ་སྐྱབས་བཅོལ་བའི་སྣེ་ལེན་ཁང་སྒོ་ཕྱེ་ནས་འཚོ་གོས་གནས་མལ་དང་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་སྦྱར། རིམ་བཞིན་ཨ་མི་རི་ཀའི་ཡེ་ཤུའི་ཆོས་ཚོགས་ཁག་གིས་བུ་ཕྲུག་སྐྱབས་བཅོལ་རྣམས་ཨ་མི་རི་ཀའི་ཁྱིམ་ཚང་ཁག་ལ་གསོ་ཉར་བྱེད་དུ་འཇུག་གི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་དང་མེཀ་སི་ཀོའི་ས་མཚམས་སུ་རྩིག་གྱང་བསླངས་ནས་སྐྱབས་བཅོལ་བ་འགོག་དགོས་ཀྱིན་འདུག སྐྱབས་བཅོལ་བ་མང་པོ་ཞིག་མི་གསོད་ལག་དམར་དང་བཙན་གཡེམ་པ། འཕྲོག་བཅོམ་བྱེད་མཁན་ཁྲིམས་འགལ་བ་རེད། གལ་སྲིད་མེཀ་སི་ཀོའི་གཞུང་གིས་རང་གི་ས་མཚམས་འགག་སྒོ་ནས་སྐྱབས་བཅོལ་བ་རྣམས་མ་བཀག་ན་ཨ་མི་རི་ཀས་མེཀ་སི་ཀོའི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཁ་སང་གཟའ་ཟླ་བའི་ཉིན་མེཀ་སི་ཀོའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་བདུན་ཕྲག་༣་གྱི་སྔོན་དེར་ཉིན་ལྟར་མེཀ་སི་ཀོ་ནས་ཨ་རིའི་ས་མཚམས་སུ་སྐྱབས་བཅོལ་བ་༤༢༠༠་རེ་འབྱོར་གྱི་ཡོད་ཀྱང་ད་ལྟ་༢༦༠༠་ཡས་མས་ཤིག་ལས་མི་འདུག འདི་ནི་མེཀ་སི་ཀོའི་གཞུང་གིས་ཁྲིམས་འགལ་གྱི་སྐྱབས་བཅོལ་བ་རྣམས་བཀག་འགོག་བྱས་པའི་གྲུབ་འབྲས་རེད་ཅེས་བཤད།།

ལྷོ་ཨ་མི་རི་ཀ་དང་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཞི་བདེ་བརྟན་ལྷིང་མེད་པ་དང་མི་གསོད་ཁྲག་སྦྱོར་གྱི་གདུག་རྩུབ་ཆེ་བ། འཚོ་བའི་དཀའ་ངལ་དང་ཇག་ཚོགས་ཀྱི་རྒོལ་རྡུང་། དུད་ནག་ཚོང་དཔོན་ཚོས་ཕྲུ་གུ་དང་ན་གཞོན་ཚོ་ནག་ཚོང་གི་ལས་སུ་བཙན་བཀོལ་བྱེད་ཀྱི་ཡོད་པ། རྒྱལ་ཁབ་དེ་དག་གི་གཞུང་འབྲེལ་མི་སྣ་རྣམས་ལྐོག་ཟ་རུལ་སུངས་སུ་གྱུར་ནས་མི་མང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་མ་ཐུབ་པར་ཨ་མི་རི་ཀར་བྲོས་བྱོལ་དུ་ཡོང་གི་ཡོད་པ་ཡིན་མོད། ཨ་མི་རི་ཀའི་གཞུང་གིས་ལོ་ལྟར་ལྷོ་ཨ་མི་རི་ཀ་དང་དབུས་ཨ་མི་རི་ཀའི་རྒྱལ་ཁབ་དེ་ཚོར་ཨ་སྒོར་དུང་ཕྱུར་མང་པོ་དཔལ་འབྱོར་རོགས་རམ་སྤྲད་ནས་རྒྱལ་ཁབ་དེ་དག་གི་དཔལ་འབྱོར་འཕེལ་རྒྱས་དང་མི་མང་ལ་ལས་ཀའི་གོ་སྐབས་གསར་སྐྲུན། ཇག་ཚོགས་དང་དུད་ནག་གི་ཚོང་དཔོན་ཚོར་འཐབ་རྒོལ་བྱེད་དུ་འཇུག་གི་ཡོད་ཀྱང་རྒྱལ་ཁབ་དེ་དག་གི་གཞུང་འབྲེལ་མི་སྣ་ཁག་དང་ཉེན་རྟོག་པ་རྣམས་ཇག་ཚོགས་དང་ནག་ཚོགས། དུད་ནག་གི་ཚོང་དཔོན་ཚོར་ངན་འབྲེལ་བྱས་ནས་ཨ་མི་རི་ཀས་དཔལ་འབྱོར་རོགས་རམ་སྤྲད་པ་རྣམས་མི་དམངས་ཀྱི་འཚོ་བ་ཡར་རྒྱས་དང་བདེ་འཇགས་སྲུང་སྐྱོབ་ཀྱི་དམིགས་སྒོ་ཁག་ལ་གཏོང་གི་མེད་པ་རེད།

ད་ལྟ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨལ་ས་ཝྭ་དྷོར་དང་གོ་ཊ་མ་ལ། ཧུ་དྷུ་ར་སི་གསུམ་ལ་ལོ་ལྟར་ཨ་སྒོར་ས་ཡ་མང་པོ་དཔལ་འབྱོར་རོགས་རམ་སྤྲོད་ཀྱི་ཡོད་པ་མཚམས་གཅོད་རྒྱུ་ཡིན། གོང་འཁོད་རྒྱལ་ཁབ་གསུམ་གྱི་སྐྱབས་བཅོལ་བ་རྣམས་ཨ་མི་རི་ཀར་ཡོང་རྒྱུ་ཇེ་མང་རེད་ཅེས་དཔལ་འབྱོར་རོགས་རམ་གཅོད་དགོས་པའི་རྒྱུ་མཚན་བགྲངས། ཡིན་ནའང་ཨ་རིའི་གྲོས་ཚོགས་སུ་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་འཆར་གཞི་དེར་ངོ་རྒོལ་བྱ་སྲིད། ཨ་རིའི་གྲོས་ཚོགས་ཀྱིས་ཨལ་ས་ཝྭ་དྷོར་དང་གོ་ཊ་མ་ལ། ཧུན་དྷུ་ར་སི་གསུམ་ལ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུའི་འགྲོ་གྲོན་ཐག་གཅོད་བྱུང་བ་སྲིད་འཛིན་ཌོ་ནལ་ཊམ་གྱིས་གཅོད་མི་ཆོག ལྷག་པར་དུ་མི་མང་གིས་བཀྲེས་ལྟོགས་མྱོང་བ་དང་ནག་ཚོགས་ཀྱི་རྒོལ་རྡུང་མྱོང་བའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་བཅད་ན་མི་མང་གི་དཀའ་ངལ་སྡུག་ཏུ་འགྲོ་སྲིད། རྒྱལ་ཁབ་དེ་དག་ནས་ཨ་མི་རི་ཀར་སྐྱབས་བཅོལ་བ་ཡོང་རྒྱུ་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཅེས་རྩོད་པ་རྒྱག་གི་ཡོད་ཅིང་། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་བྷོབ་མན་ཌེ་ཛིས་ཨ་མི་རི་ཀས་སྐྱབས་བཅོལ་བ་འགོག་ཐབས་སུ་སྐྱབས་བཅོལ་བའི་འབྱུང་ཁུངས་རྒྱལ་ཁབ་ཁག་གི་དཀའ་ངལ་སེལ་ཐབས་ཀྱི་འགྲོ་གྲོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་གཅོད་ཀྱི་འདུག་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་སྐྱོན་བརྗོད་བྱས་འདུག ༢༠༡༦་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་བཀག་སྡོམ་བྱ་དགོས་པ་དང་ཨ་མི་རི་ཀར་འབྱོར་ཟིན་པའི་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་ཕྱིར་ཕུད་བྱ་དགོས་ཞེས་སྲིད་ཇུས་ཤིག་བཟུང་བས་ཨ་མི་རི་ཀའི་མི་རིགས་དཀར་པོའི་ལྟ་བ་མཆོག་འཛིན་པ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་ཇུས་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་༢༠༡༨་ལོར་ཨ་རིའི་གྲོས་ཚོགས་ཀྱིས་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གསུམ་ལ་དཔལ་འབྱོར་རོགས་རམ་ཨ་སྒོར་དུང་ཕྱུར་༣་དང་བྱེ་བ་༨་ཟུར་འཇོག་བྱས་ཡོད་པ་དམིགས་སྒོ་གཞན་ལ་གཏོང་རྒྱུ་ཡིན། ༢༠༡༧་ལོར་ཨ་རིའི་གྲོས་ཚོགས་ཀྱིས་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཨ་སྒོར་དུང་ཕྱུར་༡་དང་བྱེ་བ་༨་ལོ་ལྟར་དཔལ་འབྱོར་རོགས་རམ་སྤྲོད་དགོས་པའི་ཐག་གཅོད་བྱས་པའང་ངང་འཐེན་བྱ་རྒྱུ་ཡིན། ཨལ་ས་ཝྭ་དྷོར་དང་གོ་ཊ་མ་ལ། ཧུ་དྷུ་ར་སི་གསུམ་གྱིས་རང་གི་སྐྱབས་བཅོལ་བ་རྣམས་ཨ་མི་རི་ཀར་གཏོང་རྒྱུ་མཚམས་འཇོག་མ་བྱས་བར་དུ་ཨ་མི་རི་ཀས་འབྲེལ་ཡོད་རྒྱལ་ཁབ་གསུམ་ལ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན། འདི་ནི་སྲིད་འཛིན་གྱི་བཀོད་ཁྱབ་ལ་མཐུན་པ་དང་རྒྱལ་ཁབ་དེ་ཚོར་སྐྱབས་བཅོལ་བའི་དཀའ་ངལ་སེལ་རྒྱུའི་ཆབ་སྲིད་ཀྱི་སྙིང་སྟོབས་མེད་པ་བཅས་ལ་གཞིགས་ནས་ལག་ལེན་བསྟར་པ་ཡིན་ཞེས་བསྒྲགས། ཨ་རིའི་གྲོས་ཚོགས་ཀྱིས་ངོ་རྒོལ་ཇི་ལྟར་བྱས་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་མ་མཐར་ཡང་༢༠༢༠་ལོའི་ཕྱི་ཟླ་༤་བར་དུ་དབུས་ཨ་མི་རི་ཀའི་རྒྱལ་ཁབ་གསུམ་ལ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་རྒྱུན་སྐྱོང་བྱ་དགོས་མིན་བསྐྱར་ཞིབ་བྱ་འཆར་མེད་པ་རེད།།

XS
SM
MD
LG