ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཨི་རན་གྱི་འགལ་ཟླ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རེས་གཟའ་ཕུར་བུའི་ཉིན་ཨོ་མན་མཚོ་ཁུག་ཏུ་རྡོ་སྣུམ་སྐྱེལ་འདྲེན་གྲུ་གཟིངས་གཉིས་ལ་གཏོར་སྐྱོན་བྱུང་སྟེ་གཅིག་ལ་མེ་སྐྱོན་དང་གཞན་དེ་མཚོ་ཐོག་ཏུ་ཁ་ཕྱོགས་འཆོལ་བཞིན་པའི་སྐབས་སུ་གྲུ་གཟིངས་དེའི་ལས་བྱེད་པ་གྲུ་པ་རྣམས་ཨ་མི་རི་ཀའི་མཚོ་དམག་གིས་ཉེན་སྐྱོབ་བྱས་ཡོད་ཅིང་། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་ལ་གནས་ཚུལ་འདི་སྙན་སེང་ཞུས་པའི་རྗེས་སུ་གང་ཅིའི་གནས་སྟངས་ལ་མུ་མཐུད་རྟོག་ཞིབ་བྱེད་ཀྱི་རེད།

ད་རེས་ཏ་ཟིག་མཚོ་ཁུག་ཏུ་རྡོ་སྣུམ་སྐྱེལ་འདྲེན་གྱི་གྲུ་གཟིངས་ལ་གཏོར་རྒོལ་བྱེད་མཁན་སུ་ཡིན་ལེན་ཁག་ངོས་ལེན་བྱེད་མཁན་བྱུང་མེད་པ་དང་སུ་གཅིག་གིས་ཀྱང་རྒྱལ་ཁབ་དང་སྒྲིག་འཛུགས་ངེས་ཅན་ཞིག་ལ་སྐྱོན་འཛུགས་བྱས་མེད། འཛམ་གླིང་གི་རྡོ་སྣུམ་སྐྱེལ་འདྲེན་གྱི་འགྲུལ་ལམ་གཙོ་བོ་ཏ་ཟིག་མཚོ་ཁུག་ཏུ་ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་༡༢་ཉིན་རྡོ་སྣུམ་སྐྱེལ་འདྲེན་གཟིངས་བཞི་ལ་གཏོར་རྒོལ་ཕོག ཨ་མི་རི་ཀས་གཏོར་རྒོལ་དེ་དག་གི་རྒྱབ་ཏུ་ཨི་རན་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པ་རེད།

ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་བྷ་རཀ་ཨོ་བྷ་མའི་དུས་སུ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་ལས་གཞི་འགོག་ཐབས་སུ་དམིགས་ཏེ་ཨ་མི་རི་ཀ་གཙོས་རྒྱལ་སྤྱིའི་ཡུལ་ཁག་དང་ཨི་རན་གྱིས་གྲོས་མཐུན་ཞིག་བཞག་ཀྱང་སྔ་ལོ་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་མཐུན་ཕྱོགས་ཡུལ་ཁག་གི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱས་ཏེ་ཨ་མི་རི་ཀས་ཨི་རན་ལ་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་རྗེས་སུ་ཨ་མི་རི་ཀ་དང་ཨི་རན་གྱི་འགལ་ཟླ་ཇེ་ཆེར་གྱུར། ཨི་རན་གྱིས་ཨ་མི་རི་ཀའི་དཔལ་འབྱོར་བཀག་སྡོམ་ལ་བརྟེན་ནས་ཨི་རན་གྱིས་རྡོ་སྣུམ་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་པར་བརྟེན། ཨི་རན་གྱིས་ཐེངས་འདིར་གཏོར་རྒོལ་བྱུང་ཡུལ་ཧོར་མུ་ཟི་མཚོ་ལམ་བཀག་འགོག་བྱ་རྒྱུའི་ཉེན་བརྡ་ལན་མང་བཏང་ཡོད་པ་རེད།

ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཛ་རཱིབ་ཀྱིས་རྡོ་སྣུམ་སྐྱེལ་འདྲེན་གྲུ་གཟིངས་ལ་གཏོར་རྒོལ་བྱུང་བ་འདི་ལ་བློ་དོགས་སྐྱེ་དགོས་པའི་གནད་དོན་གཞན་ཞིག་ཡོད་ས་རེད་ཅེས་འགྲེལ་བཤད་བརྒྱབ་ནས་མངའ་ཁུལ་དེའི་རྒྱལ་ཁབ་ཁག་གི་གྲོས་མོལ་ཚོགས་འདུ་ཞིག་འཚོགས་དགོས་པའི་འབོད་སྐུལ་ཞུས་འདུག ཨི་རན་གྱི་མཐུན་ཕྱོགས་རྒྱལ་ཁབ་གཙོ་བོའི་གྲས་ཨུ་རུ་སུའི་གཞུང་གིས་དོན་རྐྱེན་འདིར་དོགས་ཟོན་བྱ་དགོས་པ་དང་གླུ་བུར་དུ་ཐག་གཅོད་བྱ་རྒྱུ་མི་འདུག དེ་བཞིན་ཨི་རན་ལ་གནོན་ཤུགས་སྤྲོད་པའི་ལག་ཆ་ཞིག་ལའང་བེད་སྤྱོད་བྱ་མི་འོས་ཞེས་བཤད་འདུག དེ་དང་ཕྱོགས་མཚུངས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་ད་རེས་ཀྱི་གནས་ཚུལ་འདི་དངོས་བདེན་ཅི་་ཡིན་ར་སྤྲོད་དང་འགན་འཁྲི་གསལ་བཤད་བྱ་དགོས། ཏ་ཟིག་མཚོ་ཁུག་ལ་འཐབ་འཁྲུག་ཆེན་པོ་ཞིག་མི་འབྱུང་བ་བྱ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད། ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེས་ཨི་རན་ལ་འཚམས་འདྲིར་ཕེབས་ཡོད་པའི་སྐབས་འདིར་ཨོ་མན་མཚོ་འགག་ཏུ་རྡོ་སྣུམ་སྐྱེལ་འདྲེན་གྲུ་གཟིངས་གཉིས་ལ་གཏོར་རྒོལ་བྱུང་ཡོད་པས་སྲིད་བློན་ཨ་བྷེས་རྒྱལ་སྤྱིའི་ཡུལ་ཁག་སྡེ་ཚོགས་ཀྱིས་ཨ་མི་རི་ཀ་དང་ཨི་རན་གྱི་འགལ་ཟླ་སེལ་ཐབས་སུ་ངང་རིང་བཟོད་ཡངས་མ་བྱས་ཚེ། དཀྱིལ་ཤར་མངའ་ཁུལ་ལ་དྲག་པོའི་འཐབ་འཁྲུག་ཞིག་བསྐྱར་དུ་ལང་སྲིད་པའི་ཉེན་བརྡ་བཏང་འདུག རེས་གཟའ་ལྷག་པའི་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེས་ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིར་མཇལ་འཕྲད་གནང་པའི་རྗེས་སུ་གསར་འགོད་ལྷན་ཚོགས་ཐོག་ཏུ་འཛམ་གླིང་གི་དབུ་ཁྲིད་ཚོས་དཀྱིལ་ཤར་མངའ་ཁུལ་གྱི་ནང་དུ་གློ་བུར་བའི་རྐྱེན་ངན་འཐབ་འཁྲུག་ཅིག་ལང་སྲིད་པ་སྔོན་འགོག་བྱ་རྒྱུར་ངང་རིང་བཟོད་ཡངས་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།

སྲིད་བློན་ཤིན་ཛོ་ཨ་བྷེ་ཨི་རན་ལ་འཚམས་འདྲིར་ཕེབས་པ་ནི་༡༩༧༩ ལོར་ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ནས་བཟུང་སྟེ་ཉི་ཧོང་གི་མཐོ་རིམ་དབུ་ཁྲིད་ཅིག་ཨི་རན་ལ་འཚམས་འདྲིར་ཕེབས་པ་ཐོག་མར་ཡིན་ཞིང་། ད་རེས་ཀྱི་འཚམས་འདྲི་འདི་ནི་གཙོ་བོ་ཉི་ཧོང་གིས་ཕྱོགས་རིས་མེད་པར་བར་གནས་ཀྱི་འགན་ཁུར་བཞེས་ནས་ཨ་མི་རི་ཀ་དང་ཨི་རན་གྱི་འགལ་ཟླ་སེལ་རྒྱུ། ཨི་རན་གྱི་ཆེས་མཐོའི་དབུ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེར་མཇལ་འཕྲད་གནང་པའི་རྗེས་སུ་ཨི་རན་གྱིས་ཨ་མི་རི་ཀར་ནམ་ཡང་གྲོས་མོལ་བྱེད་ཀྱི་མ་རེད། ཨི་རན་ལ་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱ་འདོད་མེད་ཀྱང་རྡུལ་ཕྲན་མཚོན་ཆ་བཟོས་པ་ཡིན་ན་ཨ་མི་རི་ཀས་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་བཤད། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་༢༠༡༥ ལོར་ཨ་མི་རི་ཀས་འགོ་ཁྲིད་པའི་རྒྱལ་སྤྱིའི་མཐུན་ཕྱོགས་ཡུལ་ཁག་དང་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཚམས་འཇོག་གི་གྲོས་མཐུན་ཞིག་བཞག་པར་སྐྱོན་ཆ་ཆེན་པོ་ཡོད་པའི་རྒྱུ་མཚན་བགྲངས་ནས་ཨ་མི་རི་ཀ་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་རེད།།

XS
SM
MD
LG