སྤྱི་ལོ་༢༠༢༠་ལོའི་ཟླ་བ་༡་པོའི་ནང་དུ་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ཆེན་མོ་བྱེད་ཀྱི་ཡོད་པ་ལྟར་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཕྱོགས་འགལ་གོ་མིན་ཏང་ཚོགས་པ་གཉིས་ཀྱིས་རང་རང་གི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་རེ་འདེམས་བསྐོ་བྱས་ནས་ཕྱི་ལོ་༢༠༢༠་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་འགྲན་བསྡུར་བྱ་དགོས། སྲིད་དོན་ཉམས་ཞིབ་པ་ཚོས་ལོ་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་སྐབས་སུ་འོས་མི་སུ་ལ་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་གྲོས་བསྡུར་དང་ཞིབ་འཇུག་བྱེད་བཞིན་པའི་སྐབས་འདིར་ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མིར་ཐག་གཅོད་བྱུང་འདུག
ཐོག་མར་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་ལས་སྣེ་ཟུར་པ་ལེ་ཆིན་ཏེ་༢༠༢༠་ལོའི་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མིར་ལང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ནས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་ནང་ཁུལ་དུ་སྲིད་འཛིན་ཚེ་དབྱིན་ཝེན་གྱི་ཁ་གཏད་པར་གྱུར་པས་དམངས་གཙོ་ཡར་ཐོན་ཚོགས་པས་མ་འོངས་བའི་སྲིད་འཛིན་འོས་མིར་ཚེ་དབྱིན་ཝེན་དང་ལེ་ཆིན་ཏི་གཉིས་ཀྱི་སུ་སྲིད་འཛིན་འོས་མིར་བསྐོ་བཞག་བྱས་ན་འོས་འདེམས་ཀྱི་རྒྱལ་ཁབ་འཐོབ་རྒྱུ་ཡིན་མིན་ཚོད་དཔག་བྱ་རྒྱུའི་ཆེད་དུ་མི་དམངས་ལ་བསམ་ཚུལ་དྲིས་ནས་བརྟག་དཔྱད་བྱས་ཡོད་ཅིང་། དེ་རིང་སྤྱི་༦་པའི་ཚེས་༡༣་ཉིན་གྱི་ཆུ་ཚོད་༡༠་དང་ཕྱེད་ཀའི་སྟེང་དུ་བརྟག་དཔྱད་ཀྱི་གྲུབ་འབྲས་རྣམས་ཕྱིར་བསྒྲགས་བྱས་ནས་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་ལ་མི་དམངས་བརྒྱ་ཆ་༣༥་དང་གྲངས་ཆུང་༦་ལྷག་གི་རྒྱབ་སྐྱོར་ཐོབ། ལེ་ཆིན་ཏི་ལ་མི་དམངས་བརྒྱ་ཆ་༢༧་དང་གྲངས་ཆུང་༤་ལྷག་གི་རྒྱབ་སྐྱོར་ལས་ཐོབ་མེད། དེར་བརྟེན་ཚེ་དབྱིན་ཝེན་༢༠༢༠་ལོའི་ཐེ་ཝན་གྱི་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མིར་གཏན་ཁེལ་བྱུང་ཡོད་ཅེས་དམངས་གཙོ་ཡར་ཐོན་ཚོགས་པའི་འགན་འཛིན་ཀྲོ་རོང་ཐེས་གསལ་བསྒྲགས་སྤེལ་འདུག
ད་སྔ་ཐེ་ཝན་གྱི་སྲིད་འཛིན་ལ་ལངས་པའི་འོས་མི་ཚོར་མི་དམངས་ཀྱིས་བརྟག་དཔྱད་ཞིབ་འཇུག་ཐེངས་༥་བྱས་ཟིན། རྟག་དཔྱད་དེ་དག་བརྒྱུད་ནས་སྲིད་འཛིན་ཚེ་དབྱིན་ཝེན་དམངས་གཙོ་ཡར་ཐོན་ཚོགས་པའི་ནང་ཁུལ་དུ་འོས་མི་གཞན་པ་ལེ་ཆིན་ཏི་ལས་རྒྱལ་ཁ་ཐོབ། ཐེ་ཝན་གྱི་ཕྱོགས་འགལ་ཚོགས་པ་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་ཀོ་ཡུའི་དང་ཁེ་ཝུན་ཀྲི་ལས་ཀྱང་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚེ་དབྱིན་ཝེན་ལ་མི་དམངས་བརྒྱ་སྐྱོར་པ་མང་བ་ཡོད་པས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ཀྱི་འགྲན་བསྡུར་སྐབས་སུ་ཚེ་དབྱིན་ཝེན་ལ་རྒྱལ་ཁ་འཐོབ་ཐུབ་པའི་རེ་བ་ཆེན་པོ་འཆངར་ཡོད་པར་མ་ཟད། ཐེ་ཝན་གྱི་མཉམ་འབྲེལ་ཚགས་པར་ནང་དུ་གོ་མིན་ཏང་རྩ་འཛུགས་ལྷན་ཚོགས་ཀྱི་འགན་འཛིན་ལི་ཀྲི་ཧྭས་དབྱེ་ཞིབ་བྱས་པ་ལྟར་ན་གོ་མིན་ཏང་གིས་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མིར་ཁ་གཏད་གཅོག་སྟངས་ཀྱི་ཐད་དུ་ཞིབ་འཇུག་བྱས་འདུག
ཁོང་གིས་གཞུང་འཛིན་ཚོགས་པའི་སྲིད་འཛིན་འོས་མིར་ལེ་ཆིན་ཏི་སླེབས་པ་ཡིན་ན་དེ་ལ་ཁ་གཏད་གང་འདྲ་ཞིག་གཅོག་དགོས་མིན་ང་ཚོས་ཚོད་དཔག་བྱ་ཐབས་བྲལ། ཁོ་པ་འོས་འདེམས་ལ་འགྲན་ཞུགས་བྱས་ན་སྲིད་འཛིན་ཚེ་དབྱིན་ཝེན་གྱི་འཛིན་སྐྱོང་སྐབས་སུ་འཐུས་ཤོར་བྱུང་བ་དང་ལས་འགན་མ་གྲུབ་པ་སོགས་ཐེར་འདོན་བྱ་སྲིད། འདས་པའི་ལོ་ངོ་བཞིའི་རིང་ལ་ཆབ་སྲིད་ཀྱི་དབང་ཆ་བཟུང་བའི་ཚེ་དབྱིན་ཝེན་ལ་མཚོན་ན་ཁོ་མོའི་ཆབ་སྲིད་འཛིན་སྐྱོང་གི་ལས་དོན་བསྒྲུབས་པ་རྣམས་གོ་མིན་ཏང་ལ་ཆ་རྒྱུས་གསལ་པོ་ཡོད་པས་དེ་ལ་ཁ་གཏད་གཅོག་རྒྱུ་ལས་སླ་བོ་རེད་ཅེས་བཤད། ད་སྔ་གོ་མིན་ཏང་གི་ཚོགས་པའི་ནང་ཁུལ་དུ་༢༠༢༠་ལོར་སྲིད་འཛིན་འོས་མིར་སུ་ཞིག་གཏན་འབེབས་བྱ་རྒྱུ་ཡིན་མིན་ཐག་གཅོད་བྱུང་མེད། སྤྱི་ཟླ་༦་པའི་ཚེས་༡༠་ཉིན་གོ་མིན་ཏང་གི་འགན་འཛིན་གཞོན་པ་དང་དྲུང་ཡིག་ཙུན་ཡུན་ཆོན་གྱིས་གསལ་བསྒྲགས་སྤེལ་ཡོད་པ་ལྟར་ན་གོ་མིན་ཏང་ལ་སྲིད་འཛིན་འོས་མི་༥་ཡོད་ཅིང་། ཁོ་ཚོ་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཞུང་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧན་ཀོ་ཡུའི་དང་ཐེ་ཝན་གྱི་ཚོང་བདག་ཆེན་མོ་ཀོ་ཐེ་མིན། ཞིན་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་ཀྲུའུ་ལི་ལོན། ཐེ་པེ་རྫོང་གི་རྫོང་དཔོན་ཟུར་པ་ཀྲུག་ཞི་ཝེ། སུང་ཝུན་སློབ་གྲྭའི་སློབ་སྤྱི་ཀྲང་ཡ་ཀྲུང་བཅས་ཡིན། ཕྱི་ཟླ་༧་པའི་ཚེས་༥་ནས་ཚེས་བཅོ་ལྔའི་བར་དུ་མི་དམངས་ལ་བརྟག་དཔྱད་དང་ཞིབ་འཇུག་བྱེད་དུ་འཇུག་རྒྱུ། ཚེས་༡༦་ཉིན་ཞིབ་འཇུག་གི་གྲུབ་འབྲས་རྣམས་གསལ་བསྒྲགས་བྱ་རྒྱུ་དང་སྤྱི་ཟླ་༧་པའི་ཚེས་༢༨་ཉིན་མཐའ་མའི་སྲིད་འཛིན་འོས་མིའི་མིང་ཐོ་གསལ་བསྒྲགས་བྱ་རྒྱུ་ཡིན་ཞེས་བསྒྲགས་སོ།།