ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་ཁྲིམས་བྱོལ་བ་རྩིས་སྤྲོད་ཁྲིམས་གཞི་ལ་ངོ་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༦་ཚེས་༩་ཉིན་ཧོང་ཀོང་མི་མང་ས་ཡ་༡་ལྷག་གིས་སྲིད་སྐྱོང་ཁེ་རི་ལམ་ལས་གནས་ནས་གནང་བ་ཞུ་དགོས། ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་མི་ཆོག་ཅེས་ངོ་རྒོལ་བྱས་ཀྱང་སྲིད་སྐྱོང་ཁེ་རི་ལམ་གྱིས་མངའ་ཁུལ་དེའི་འཕྲལ་ཡུན་བདེ་ཐབས་ལ་དམིགས་ནས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་ཀྱི་འདུག སྐྱེ་བོ་སུ་ཞིག་ལའང་ཧོང་ཀོང་དམིགས་བསལ་ས་ཁུལ་ཉེས་ཅན་པ་དང་ཁྲིམས་བྱོལ་བ་རྣམས་འདུས་གནས་ཤིག་ལ་འགྱུར་དུ་འཇུག་འདོད་མེད། དེར་བརྟེན་ཧོང་ཀོང་ལ་བྲོས་བྱོལ་དུ་ཡོང་བའི་ཁྲིམས་བྱོལ་བ་རྣམས་དོ་བདག་སོ་སོའི་འབྲེལ་ཡོད་རྒྱལ་ཁབ་དེར་རྩིས་སྤྲོད་རྩིས་ལེན་བྱེད་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་གཞི་ལ་འགྱུར་བ་གཏོང་འཆར་མེད་ཅེས་གསར་འགོད་པ་ཚོར་བཀྲལ། སྲིད་སྐྱོང་ཁེ་རི་ལམ་གྱིས་ངོ་རྒོལ་ལས་འགུལ་དེར་ཞི་བའི་སྒོ་ནས་མཉམ་ཞུགས་བྱས་པའི་ཧོང་ཀོང་བ་ཚོར་རྗེས་སུ་ཡི་རངས་ཡོད། ཧོང་ཀོང་བ་ཁག་ཅིག་གིས་ཉེན་རྟོག་པར་རྒོལ་འཛིང་བྱས་ནས་དྲག་ཟིང་བསླངས་པར་ངོ་རྒོལ་ཡོད་ཅེས་སྐྱོན་བརྗོད་བྱས་པ་དང་གཟའ་མཇུག་གི་ལས་འགུལ་གོ་སྒྲིག་པ་ཚོས་ཧོང་ཀོང་མི་མང་ས་ཡ་གཅིག་ལྷག་ངོ་རྒོལ་ལས་འགུལ་དེར་མཉམ་ཞུགས་བྱས་ཡོད་ཅེས་བཤད།།

ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་མི་དམངས་ཀྱི་ངོ་རྒོལ་བྱས་པ་འཛིན་སྐྱོང་ཚགས་ཚུད་ཡོང་བའི་ཆེད་དུ་ཡིན་ཞིང་། ང་ཚོས་ཧོང་ཀོང་མི་དམངས་ཀྱི་མངོན་འདོད་ཤེས་རྟོགས་བྱུང་སོང་། ཡིན་ནའང་ཕྱི་ཟླ་༦་ཙེས་༡༢་ཉིན་ཧོང་ཀོང་གི་གྲོས་ཚོགས་སུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་དེར་བགྲོ་གླེང་ཐེངས་གཉིས་པ་བྱ་འཆར་ཡོད་ཅེས་བསྒྲགས། མི་མང་སྐྱོན་བརྗོད་བྱེད་མཁན་ཚོས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་པའི་རྟགས་མཚན་རེད། ༡༩༩༧་ལོར་དབྱིན་ཇི་དང་རྒྱ་ནག་གཉིས་ཀྱིས་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དེའི་ནང་དུ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མིན། དབྱིན་ཇིའི་དབང་སྒྱུར་འོག་ཏུ་ཧོང་ཀོང་ལ་རང་དབང་དང་གུ་ཡངས། རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པ་རྣམས་རང་སོར་འཇོག་ཆོག རྒྱ་ནག་གཞུང་གིས་ལོ་ལྔ་བཅུའི་རིང་ལ་ཧོང་ཀོང་གི་སྤྱི་ཚོགས་ལམ་ལུགས་ལ་འགྱུར་བ་མ་བཏང་བར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཅེས་གྲོས་མཐུན་གྱི་འབྲུ་དོན་ཁག་ལུང་འདྲེན་བྱས་འདུག

ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་མང་པོ་ཞིག་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་བྲོས་བྱོལ་དུ་སོང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཆབ་སྲིད་ལས་འགུལ་སྤེལ་བ་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་འབྲི་བ། ཁོ་ཚོས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཐ་ཞན་ཡོད་པ་དང་མི་དམངས་ལ་རང་དབང་མེད་པ། རྒྱ་ནག་གི་ལྐོག་ཟ་རུལ་སུངས་དང་ཆབ་སྲིད་ཀྱི་དམ་དྲག་རྣམས་ཐེར་འདོན་བྱས་ནས་གླེང་སློང་བྱེད་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོར་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད་ཅིང་། ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་ཧོང་ཀོང་ས་གནས་སུ་ཁྲིམས་བྱོལ་བ་རྣམས་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པ་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་བྱུང་བ་ཞིག་མིན། རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཧོང་ཀོང་ས་གནས་གཞུང་གིས་བཅའ་ཁྲིམས་དེ་འདྲ་ཞིག་གཏན་འབེབས་བྱ་ཐབས་བྱེད་ཀྱི་ཡོད་པའི་དོགས་པ་བྱེད་མཁན་ཚོར་ཕྱི་རྒྱལ་གྱི་ངན་ཤུགས་ཐེབས་པའི་རྟགས་མཚན་རེད་ཅེས་དགག་པ་བརྒྱབ་ཀྱང་ཁོ་མོ་སྲིད་སྐྱོང་གི་ལས་གནས་ནས་གནང་བ་ཞུ་དགོས་ཟེར་གྱི་ཡོད་པར་ཅི་ཡང་བཤད་མེད།།

གཟའ་མཇུག་གི་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས་མཁན་ཁེ་ལོ་ཌི་ཡ་མོ་ཞེས་པ་ཞིག་གིས་གསར་འགོད་པར་ང་ཚོར་སྲིད་སྐྱོང་ཁེ་རི་ལམ་གྱིས་འགྲེལ་བཤད་སྙན་པོ་ཞིག་རྒྱག་དགོས་དོན་མེད། ཧོང་ཀོང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཡིན་ཟེར་དགོས་དོན་མེད། ཧོང་ཀོང་གི་བཅའ་ཁྲིམས་སུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་དོན་ཚན་ཞིག་ཁ་སྣོན་བྱ་འཆར་ཡོད་པ་མེད་པར་གཏོང་དགོས། རྒྱ་ནག་སྐམ་ས་ཆེན་མོར་དྲང་སྙོམས་དང་མི་ཆོས་ལ་མཐུན་པའི་ཁྲིམས་བཤེར་བྱེད་སྲོལ་མེད། རྒྱ་ནག་གི་ཁྲིམས་ལ་ཡིད་ཆེས་དང་བློ་འགེལ་བྱེད་ཆོག་པ་ཞིག་མ་རེད་ཅེས་བཤད། ཧོང་ཀོང་གི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་ཇཱི་མཱི་ཤམ་ཞེས་པ་ཞིག་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེ་ཕྱིར་འཐེན་མ་བྱས་བར་དུ་ང་ཚོས་ངོ་རྒོལ་བྱ་རྒྱུ་མཚམས་འཇོག་བྱ་འཆར་མེད། གཟའ་ལྷག་པའི་ཞོགས་པར་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་བཅའ་ཁྲིམས་ཀྱི་གྲོས་གཞི་དེར་བགྲོ་གླེང་བྱེད་པའི་སྐབས་སུའང་ཧོང་ཀོང་བ་ཚོས་ངོ་རྒོལ་བྱ་འཆར་ཡོད་ཅེས་བཤད་འདུག

ཧོང་ཀོང་བ་ན་གཞོན་ཞིག་གིས་རང་གི་གྲོགས་མོ་ཐེ་ཝན་གྱི་ས་ཐོག་ཏུ་བསད་ཡོད་པའི་དོགས་པ་ཡོད། ཁོ་པ་ཐེ་ཝན་ནས་ཧོང་ཀོང་ལ་རྩིས་ལེན་བྱས་ནས་ཁྲིམས་བཤེར་བྱ་དགོས་ཞེས་ཧོང་ཀོང་ས་གནས་གཞུང་གིས་ཟེར་གྱི་ཡོད་ཀྱང་ཐེ་ཝན་གཞུང་གིས་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱས་ན་མི་དེ་ཧོང་ཀོང་ལ་རྩིས་སྤྲོད་བྱ་རྒྱུ་མིན་ཟེར། སྲིད་འཛིན་ཚེ་དབྱིན་ཝེན་གྱི་ངོ་དེབ་ནང་དུ་ང་ཚོས་ཧོང་ཀོང་མི་དམངས་ཀྱི་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་འཐབ་རྩོད་བཅས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ་འདུག ཁ་སྔོན་ཕྱི་ཟླ་༣་ནང་དུ་རྒྱ་ནག་གི་མཐོ་རིམ་བདེ་འཇགས་མི་སྣ་ཟུར་པ་ཞིག་གིས་རྒྱ་ནག་སྐམ་ས་ཆེན་མོའི་ཉེས་ཅན་པ་༣༠༠་ཡས་མས་ཤིག་ཧོང་ཀོང་ལ་བྲོས་བྱོལ་དུ་ཕྱིན་ཡོད། ཁོ་ཚོ་ཧོང་ཀོང་དམིགས་བསལ་ས་ཁུལ་ནས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་ཞེས་གླེང་སློང་བྱས་ཡོད་པས་ཧོང་ཀོང་ས་གནས་གཞུང་གིས་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་བཅའ་ཁྲིམས་དེའི་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ནག་གི་དགོས་དོན་བསྒྲུབ་པའི་ཆེད་དུ་ཡིན་པ་གསལ་པོར་ཆགས་ཡོད་པ་རེད།།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG