ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༦/༢༣

ཨ་རིའི་གྲོས་ཚོགས་འཐུས་མིས་རྒྱ་ནག་གི་དམངས་གཙོ་གླེང་སློང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་དྲུག་བཞིའི་སློབ་མའི་དམངས་གཙོའི་ལས་འགུལ་བྱུང་ནས་ལོ་ཧྲིལ་པོ་སུམ་བཅུ་འཁོར་བའི་ཉིན་མོ་འདིར་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དང་འབྲེལ་ནས་རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཐད་དུ་གླེང་སློང་མང་པོ་བྱས་ཡོད་པ་རེད། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སེ་དྲུག་བཞིའི་སློབ་མའི་དམངས་གཙོའི་ལས་འགུལ་ལ་མཉམ་ཞུགས་བྱས་ཏེ་ཁོ་མོའི་རེ་བར་རྒྱ་ནག་གཞུང་གིས་ཆབ་སྲིད་ལམ་ལུགས་ལ་ལེགས་བཅོས་བཏང་ནས་མི་དམངས་ལ་སྨྲ་བརྗོད་རང་དབང་དང་བརྡ་འཕྲིན་རང་དབང་སྤྲད་པ་ཡིན་ན་མ་འོངས་པའི་རྒྱ་ནག་ལ་དགེ་མཚན་ཆེན་པོ་ཡོད་པ་ཞིག་རེད་ཅེས་དང་། དྲུག་བཞིའི་རྗེས་དྲན་དང་འབྲེལ་ནས་ཁོ་མོར་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་པའི་སྐབས་སུའང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་དང་དམངས་གཙོ་ཡར་རྒྱས་གཏོང་ཐབས་ཀྱི་གནད་དོན་དེ་དག་ཨ་ར་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་གྱི་དགོས་འདུན་ཁོངས་སུ་འཇུག་དགོས་ཞེས་བཤད་ཡོད། ཨ་རིའི་སྲིད་འཛིན་གྱིས་ཀྱང་དེ་ལྟར་བྱ་རྒྱུའི་ཁས་ལེན་བྱས་སོང་ཅེས་བཤད་འདུག

ཨ་རིའི་གྲོས་ཚོགས་འོག་མའི་གསང་བའི་ལས་དོན་ཚོགས་ཆུང་གི་འགན་འཛིན་ཨེ་ཌམ་ཤེབ་ཀྱིས་ཀྱང་དྲུག་བཞིའི་དམངས་གཙོའི་ལས་འགུལ་གྱི་རྗེས་དྲན་ཉིན་མོར་ཨ་རིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་དང་དང་དམངས་གཙོ་ཡར་རྒྱས་གཏོང་དགོས་པའི་གནད་དོན་དེ་ཕྱོགས་གཉིས་ཀྱི་གྲོས་མོལ་དེའི་རྩ་དོན་ཞིག་ལ་འཛིན་དགོས་པར་མ་ཟད། རྒྱ་ནག་གིས་འཛམ་གླིང་གི་སྲིད་དབང་སྒེར་གཅོད་རྒྱལ་ཁབ་ཁག་ལ་མི་དམངས་ཀྱི་འགྲོ་འདུག་རང་དབང་སྟངས་འཛིན་གྱི་ཆེད་དུ་བེད་སྤྱོད་བྱེད་བཞིན་པའི་བརྙན་མིག་དང་མྱུལ་ཞིབ་འཕྲུལ་ཆས་སོགས་ཕྱིར་ཚོང་སྒྱུར་བྱེད་ཀྱི་ཡོད་པར་ཡ་ལན་ནན་པོ་ཞིག་སློག་དགོས། རྒྱ་ནག་གི་བྱེད་སྟངས་འདིས་རྒྱ་ནག་མི་དམངས་གཅིག་པུ་མིན་པར་འཛམ་གླིང་ཡོངས་སུ་མི་དམངས་ཀྱི་རང་དབང་ལ་འཇིགས་སྐུལ་བྱེད་ཀྱིན་འདུག ད་ལྟའི་རྒྱ་ནག་གི་སྒེར་གཅོད་སྟོབས་ཤུགས་ཀྱིས་འཛམ་གླིང་གི་ས་ཆ་གང་སར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་གནས་སྟངས་འཇིགས་ཡེར་བ་ཞིག་འབྱུང་གི་ཡོད་པས་ང་ཚོར་རྩོམ་པ་པོ་འཇོར་ཇི་ཨོར་ཝེལ་གྱིས་བརྩམས་པའི་སྒྲུང་རྩོིམ་ནང་གི་སྤུན་རྒན་པས་ལྟ་རྟོག་བྱེད་ཀྱིན་འདུག་ཟེར་པའི་ཤུགས་རྐྱེན་རྣམས་རྒྱ་ནག་ལ་འབྱུང་གི་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་འདུག་ཅེས་བཤད་ཡོད་པ་རེད།།

སྤུན་རྒན་པ་ཞེས་པ་ནི་དབྱིན་ཡུལ་གྱི་རྩོམ་པ་པོ་མིང་གྲགས་ཅན་འཇོར་ཇི་ཨོ་ཝེལ་གྱིས་བྲིས་པའི་གཅིག་དགུ་གྱ་བཞིའི་སྒྲུང་རྩོམ་གྱི་ནང་དུ་རྟོག་བཟོ་བྱས་པའི་མི་སྣ་ཞིག་ཡིན་རུང་མི་སྣ་དེ་ནི་སྒེར་གཅོད་དབང་སྒྱུར་གྱི་སྲིད་གཞུང་གི་བསྡུས་གཟུགས་ཤིག་ཡིན་ཞིང་། སྤུན་རྒན་པའི་ལྟ་རྟོག་འོག་ཏུ་རྒྱལ་ཡོངས་ཀྱི་མི་དམངས་རྣམས་གནས་དུས་གང་དུའང་འཇིགས་དངངས་ཀྱི་འོག་ཏུ་འཚོ་དགོས་པའི་གནས་སྟངས་ངོ་སྤྲོད་བྱས་འདུག དཔྱད་བརྗོད་པ་མང་པོ་ཞིག་གིས་སྒེར་གཅོད་སྲིད་གཞུང་གི་ངོ་བོ་ཐེར་འདོན་བྱས་པའི་སྒྲུང་རྩོམ་འདི་དང་འབྲེལ་ནས་སྒྲུང་རྩོམ་འདིའི་ནང་གི་མི་སྣ་སྤུན་རྒན་པ་ཞེས་པ་ནི་སྒེར་གཅོད་སྲིད་གཞུང་གི་ཚབ་ཚིག་ཏུ་བེད་སྤྱོད་གཏོང་བཞིན་ཡོད། སྒེར་གཅོད་སྲིད་གཞུང་གི་དབང་སྒྱུར་དུས་སྐབས་ལ་ཨོལ་ཝེལ་གྱི་དུས་སྐབས་ཞེས་འབོད་སྲོལ་ཞིག་འཇགས་ཡོད་པ་དང་རྒྱ་ནག་གི་ཁྲིམས་ལུགས་རིག་པའི་ཆེད་མཁས་པ་དང་ནེའུ་ཡོཀ་སློབ་ཆེན་ཁྲིམས་ལུགས་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཁུང་ཅེ་རུང་ལ་སྤྱི་ལོ་༢༠༡༧་ལོར་ཨ་རིའི་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་པའི་སྐབས་སུ་ཁོ་པས་རྒྱ་ནག་ལ་ཨོལ་ཝེལ་གྱི་་དུས་སྐབས་ཚུགས་སོང་། ད་ལྟའི་རྒྱ་ནག་གཞུང་གིས་དྲ་རྒྱའི་བརྒྱུད་ལམ་དང་ཉེན་རྟོག་སྡེ་ཚན། ཁྲིམས་འཛིན་སྡེ་ཁག་དང་ཁྲིམས་ཁང་སོགས་ལ་གཅིག་གྱུར་གྱིས་སྟངས་འཛིན་ནན་མོ་བྱས་ཏེ་རྒྱ་ནག་མི་དམངས་ཀྱི་སྨྲ་བརྗོད་རང་དབང་གི་ཁོར་ཡུག་ཉིན་རེ་ནས་ཉིན་རེ་བཞིན་ཆུང་རུ་གཏོང་གི་ཡོད་པ་ནི་མིའི་སྐེ་ལ་ཐག་པ་བསྐོན་ནས་དམ་དུ་གཏོང་བཞིན་པ་དང་གཅིག་པ་རེད་ཅེས་འགྲེལ་བཤད་བྱས་འདུག

XS
SM
MD
LG