ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ལ་སླར་ཡང་ཨ་སྒོར་ཐེར་འབུམ་༣༠༠་སྒོ་ཁྲལ་སྤར་སྲིད།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་རིན་འབབ་ཀྱི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ནས་བརྒྱ་ཆ་༢༥་བར་དུ་སྤར། ཕྱི་ཟླ་༦་ཚེས་༦་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ཐག་མ་ཆོད་པར་སྡུག་ཏུ་སོང་ཚེ། ཨ་མི་རི་ཀས་སླར་ཡང་ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས་ཐུག་སྲིད། ཡིན་ནའང་ངས་བལྟས་ན་རྒྱ་ནག་དང་མེཀ་སི་ཀོ་གཉིས་ཀར་ཨ་མི་རི་ཀར་གྲོས་མོལ་བྱས་ནས་ཚོང་ལས་ཆ་མཉམ་མེད་པའི་འགལ་ཟླ་རྣམས་སེལ་འདོད་ཡོད་ངེས་རེད་ཅེས་བཤད། ཕྱི་ཟླ་༥་པའི་མགོ་སྟོད་དེར་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་མཚམས་ཆད། ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ནས་༢༥་བར་དུ་སྤར། རྒྱ་ནག་གིས་ཨ་སྒོར་ཐེར་འབུམ་༦༠་ཐམ་པའི་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཏེ་ཕྱོགས་གཉིས་ཀྱི་ཚོང་དམག་སྡུག་ཏུ་སོང་སྟེ་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀས་རང་གི་ལངས་ཕྱོགས་མཁྲེགས་པོ་བཟུང་ནས་གུ་བཤངས་ཀྱི་རྣམ་འགྱུར་ཞིག་སྟོན་གྱི་མེད་ཅིང་། ཉམས་ཞིབ་པ་མང་པོ་ཞིག་གིས་ཟླ་མཇུག་འདིར་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་ཉི་ཧོང་ལ་འཚོགས་ཀྱི་ཡོད་པ་དེའི་ཞོར་དུ་ཌོ་ནལ་ཊམ་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་ཀྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཚམས་འཇོག་ཐུབ་པའི་རེ་བ་ཞིག་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཕྱི་ཟླ་༦་ཚེས་༦་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀས་ཕར་བཤད་ཚུར་བཤད་མང་པོ་ཞིག་བྱེད་ཀྱི་ཡོད། དེ་ལ་གྲུབ་འབྲས་ཅི་ཞིག་འཐོན་རྒྱུ་ཡིན་མིན་ནི་ང་ཚོས་བལྟ་དགོས་པ་དང་། ཨ་མི་རི་ཀས་སླང་ཡང་ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་སྲིད། ངས་དུས་ཚོད་འོས་འཚམས་ཤིག་ལ་སྒོ་ཁྲལ་སྤར་རྒྱུ་ལག་ལེན་བསྟར་རྒྱུ་ཡིན། ངས་བལྟས་ན་རྒྱ་ནག་དང་མེཀ་སི་ཀོ་གཉིས་ཀར་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་འདོད་འདུག་ཅེས་བཤད། ཡིན་ནའང་ཕྱི་ཟླ་༥་ཚེས་༡༠་ཉིན་ཨ་མི་རི་ཀས་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་པའི་རྗེས་སུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་མི་སྣ་ཚོ་ངོ་ཐུག་ནས་གྲོས་མོལ་བྱུང་མེད། རྒྱ་ནག་གི་ཚོང་དོན་བློན་ཆེན་གྱིས་ཨ་མི་རི་ཀས་བསམ་བཞིན་ཚོང་དམག་གི་ཛ་དྲག་ཤུགས་ཆེ་རུ་བཏང་ན་ང་ཚོས་ཀྱང་མཐའ་མཇུག་བར་དུ་འཐབ་རྩོད་བྱ་ངེས་ཡིན། རྒྱ་ནག་ལ་ཚོང་དམག་ཅིག་རྒྱག་འདོད་མེད་ཀྱང་ཚོང་དམག་ལ་སྐྲག་གི་མེད། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་ཅི་ཙམ་སྡུག་ཏུ་སོང་ན་ང་ཚོས་ཀྱང་དེ་ལ་འོས་འཚམས་ཀྱི་ལན་པ་ཀློག་རྒྱུ་ཡིན་ཞེས་སྲིད་འཛིན་ཌོ་ནལ་ཊམ་གྱི་གཏམ་བཤད་ལ་ལན་འདེབས་བྱས་འདུག

རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་ཨ་མི་རི་ཀས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ནས་ཁེ་སང་ཆེན་པོ་ཐོབ་ཡོད། ཁོ་ཚོས་རྒྱ་ནག་གིས་ཁེ་ཕན་ལེན་གྱི་འདུག་ཅེས་སྐྱོན་འཛུགས་བྱས་པར་ཁུངས་ལུང་མེད་པ་དང་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་ནས་བཟུང་སྟེ་ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་མཉམ་འབྲེལ། རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་ཁེ་ཕན་ཡོད་པ་རྣམས་སྣང་མེད་བཏང་སོང་ཞེས་སྙན་ཐོ་བཏོན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་དཔལ་འབྱོར་དང་ཚོང་ལས་ཀྱི་འགལ་ཟླ་ཞིག་ལ་བསྒྱུར་སོང་། དེར་བརྟེན་ང་ཚོས་རྒྱ་ནག་གི་ས་ཐོག་ཏུ་ཚོང་ལས་གཉེར་བཞིན་པའི་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་དམིགས་སུ་བཀར་ནས་དཔྱ་ཁྲལ་མཐོ་རུ་གཏོང་སྲིད་ཅེས་བཤད་ཀྱང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་དང་ཚོང་ལས་གང་འདྲ་ཞིག་དམིགས་འབེན་དུ་འཛིན་རྒྱུ་ཡིན་མིན་གསལ་པོར་བཤད་མེད་ཅིང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་སྒོ་ཁྲལ་སྤར་རེས་བྱས་ནས་ཚོང་ལས་ལ་འགོག་རྐྱེན་འཕྲད་ན་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་འཕོག་སྲིད་ཅེས་ཉེན་བརྡ་བཏང་འདུག

གཟའ་མཇུག་འདིར་ཉི་ཧོང་གི་ས་ཐོག་ཏུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ནོར་སྲིད་བློན་ཆེན་རིམ་པའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་དེའི་སྐབས་སུ་ཨ་རིའི་ནོར་སྲིད་དྲུང་ཆེ་དང་རྒྱ་ནག་གི་མི་དམངས་དངུལ་ཁང་གི་གཙོ་འཛིན་དབྱི་ཀང་གཉིས་ཐུག་འཕྲད་བྱ་སྲིད། འདི་ནི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་མཚམས་བཞག་པ་ནས་བཟུང་སྟེ་ཕྱོགས་གཉིས་ཀྱི་མཐོ་རིམ་ལས་སྣེ་ཚོ་ཐུག་འཕྲད་འབྱུང་སྲིད་པ་ཐེངས་དང་པོ་ཡིན། འདི་དང་དུས་མཚུངས་སུ་ཨ་རི་དང་མེཀ་སི་ཀོའི་གཞུང་འབྲེལ་མི་སྣ་ཚོ་ཡང་ཐུག་འཕྲད་གྲོས་མོལ་བྱས་ནས་ཨ་མི་རི་ཀའི་གཞུང་གིས་མེཀ་སི་ཀོའི་དངོས་ཟོག་ལ་སྒོ་ཁྲལ་སྤར་མི་དགོས་པའི་འབད་བརྩོན་བྱེད་ཀྱི་ཡོད་པ་སྟེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ནས་སྐྱབས་བཅོལ་བ་ཁྲི་ཚོ་མང་པོ་མེཀ་སི་ཀོ་བརྒྱུད་ནས་ཨ་མི་རི་ཀར་ཡོང་གི་འདུག གལ་སྲིད་མེཀ་སི་ཀོའི་གཞུང་གིས་ས་མཚམས་མ་བཀག་ན་ཕྱི་ཟླ་༦་ཚེས་༡༠་ནས་ཨ་མི་རི་ཀའི་གཞུང་གིས་མེཀ་སི་ཀོའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༥་སྤར་རྒྱུ་ཡིན། ད་དུང་ཡང་ཨ་མི་རི་ཀར་མེཀ་སི་ཀོ་ནས་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་སིམ་འཛུལ་བྱ་རྒྱུ་མཚམས་མ་ཆད་ན་ཨ་མི་རི་ཀའི་གཞུང་གིས་མེཀ་སི་ཀོའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༥་ནས་བརྒྱ་ཆ་༢༥་བར་དུ་སྤར་ཆོག་ཅེས་སྡིགས་ར་བསྐུལ།།

གལ་སྲིད་རྒྱ་ནག་གི་ལོ་རྗེས་མའི་ཨ་རིའི་སྲིད་འཛིན་འོས་འདེམས་རྗེས་སུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཇུག་བསྒྲིལ་ཐུབ་པ་དང་ཕྱོགས་གཉིས་ཀྱི་ཚོང་ལས་སྔར་རྒྱུན་བཞིན་འགྱུར་ཐུབ་པའི་རེ་བ་འཆང་གི་ཡོད་ཚེ། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ཚོང་ལས་ཀྱི་འགལ་ཟླ་སེལ་ཕྱོགས་དེར་བསྐྱར་དུ་བསམ་ཞིབ་བྱ་དགོས། ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་ཞུགས་པ་ལྔས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་འབྲེལ་བ་མཐུད་དགོས་ཟེར་གྱི་ཡོད་ཅིང་། དཔེར་ན་བྷར་ཎི་སན་ཌར་གྱིས་རྒྱ་ནག་མི་དམངས་ལ་རྟོག་ཞིབ་དང་ངོ་ཐག་གཅོད་པའི་བརྙན་མིག་སོགས་ཕྱིར་ཚོང་བྱེད་མཁན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་ཚོང་འབྲེལ་འཛུགས་མི་ཆོག་པའི་དམ་དྲག་བྱ་རྒྱུ་ཡིན་ཟེར། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མི་འདུག ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་ཞིག་ཡོང་དགོས་ཟེར་གྱི་ཡོད་པ་ལས་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་འབྲེལ་བ་མཐུད་དགོས་པའི་སྐད་ཆ་ཚིག་གཅིག་གླེང་གི་མེད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་རྩོད་པ་ཚོས་རྒྱ་ནག་ལ་ཚོང་ལས་སྲིད་ཇུས་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན་ཕྱིར་བསྒྲགས་བྱེད་ཀྱི་མེད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་དེར་ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་སྲིད་འཛིན་ཌོན་ནལ་ཊམ་གྱི་སྲིད་ཇུས་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ད་ལྟའི་བར་དུ་ཨ་མི་རི་ཀས་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ། ཨ་མི་རི་ཀས་རྒྱ་ནག་ལ་ཚོང་ལས་སྲིད་ཇུས་མཁྲེགས་པོ་ཞིག་འཛིན་རྒྱུ་དེར་ངོ་རྒོལ་བྱས་ནས་སྲིད་ཇུས་དེ་རྣམས་ལག་ལེན་བསྟར་ཐུབ་མེད་པ་རེད།།

XS
SM
MD
LG