ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ནོར་མན་ཌིའི་དཔུང་འཇུག་དུས་དྲན་ཐེངས་༧༥་པ་སྲུང་བརྩི།


༄༅།། ཕྱི་ཟླ་༦་ཚེས་༦་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ཧྥ་རན་སིའི་སྲིད་འཛིན་མེཀ་རོན། དབྱིན་ཇིའི་སྲིད་བློན་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཧྥ་རན་སིའི་བྱང་ཕྱོགས་ཀྱི་ནོར་མན་ཌི་ས་ཁུལ་དུ་ལྷན་འཛོམས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་མི་རི་ཀས་འགོ་ཁྲིད་པའི་མནའ་འབྲེལ་དམག་དཔུང་གིས་དབྱིན་ཇིའི་མཚོ་འགག་ནས་ཧྥ་རན་སིའི་ནོར་མན་ཌིའི་མཚོ་འགྲམ་ལ་དམག་དྲངས། ན་ཛི་འཇར་མན་ཎིའི་དབང་སྒྱུར་འོག་ཏུ་ཚུད་པའི་ཧྥ་རན་སི་བཅིངས་འགྲོལ་གཏོང་བའི་དམག་འཁྲུག་མགོ་བརྩམས་ནས་ལོ་༧༥་འཁོར་བའི་དུས་དྲན་ལ་སྲུང་བརྩི་ཞུས་འདུག ༡༩༤༤་ལོའི་ཕྱི་ཟླ་༦་པའི་ཚེས་༦་ཉིན་གྱི་ཞོགས་པར་མནའ་འབྲེལ་དམག་དཔུང་གི་དམག་ཁྲི་ཚོ་མང་པོས་ནོར་མན་ཌིར་དཔུང་འཇུག་བྱ་རྒྱུ་འགོ་ཚུགས། ཉིན་དེ་གཅིག་པུར་ཁྱོན་བསྡོམས་མནའ་འབྲེལ་དམག་དཔུང་ཁོངས་ཀྱི་དམག་མི་༤༤༡༤་ཤི་བ་དེའི་གྲས་སུ་ཨ་མི་རི་ཀའི་དམག་༢༥༠༡་ཤི་ཡོད་ཅིང་། ད་ཐེངས་ཀྱི་དུས་དྲན་མཛད་སྒོ་འདིར་ལོ་༧༥་གོང་དུ་ནོར་མན་ཌིའི་དཔུང་འཇུག་ལ་དངོས་སུ་ཞུགས་པའི་དམག་ཞབས་ཟུར་པ་༡༠༧་མཉམ་ཞུགས་བྱས་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དེ་རིང་ང་ཚོས་མཚོ་ཁ་འདིར་ཚེ་སྲོག་ཤོར་པའི་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་དང་ནོར་མན་ཌིའི་དཔུང་འཇུག་ལ་ཞུགས་པའི་དཔའ་རྒོད་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། ད་ལྟ་འཚོ་ཞིང་གཞེས་པའི་དཔའ་བོ་རྣམས་ཀྱིས་སྤྱི་ཚོགས་དཔལ་ཡོན་ལ་སྲུང་སྐྱོབ་དང་རང་དབང་ལ་སྲུང་སྐྱོབ་བྱས་ཡོད་པས་ཁྱེད་རྣམ་པ་ང་ཚོ་དམངས་གཙོའི་རྒྱལ་ཁབ་ཁག་གི་གཟི་བརྗིད་ཡིན། ང་ཚོས་སྙིང་ཁུང་རུས་པའི་གཏིང་ནས་ཁྱེད་རྣམ་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཤད། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ཧྥ་རན་སི་གཞུང་དམངས་གཉིས་ཀས་ད་དུང་ཡང་ང་ཚོའི་རང་དབང་འདི་སུའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་བརྗེད་མེད་ཅེས་ཧྥ་སྐད་དུ་གཏམ་བཤད་བྱས་པར་མ་ཟད། དེ་ནས་ཁོང་ཨ་མི་རི་ཀ་དང་དབྱིན་ཇི། ཁེ་ན་ཌ་དང་ཨོ་གླིང་རྒྱལ་ཁབ། ནེ་དྷར་ལན་ཌི་དང་ནེའུ་ཛི་ལན་ཌི། ཕོ་ལན་ཌི་སོགས་ཀྱི་ནོར་མན་ཌིའི་དཔུང་འཇུག་ལ་དངོས་སུ་ཞུགས་པའི་དམག་ཞབས་ཟུར་པ་ཚོར་ཁ་ཕྱོགས་ནས་དབྱིན་སྐད་དུ་དམག་ཞབས་ཟུར་པ་ཁྱེད་རྣམས་ཧྥ་རན་སི་ལ་བཀའ་དྲིན་ཆེན་པོ་ཡིན་པ་སྙིང་བཅངས་ཡིན། ང་ཚོའི་རང་དབང་ནི་ཁྱེད་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེ་རིང་ངས་ཧྥ་རན་སི་གཞུང་དམངས་གཉིས་ཀྱི་ཚབ་ཞུས་ནས་རྣམ་པ་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་གཏམ་བཤད་བྱས་འདུག

ནོར་མན་ཌིའི་དཔུང་འཇུག་དུས་དྲན་ཐེངས་༧༥་པ་དེར་མཉམ་ཞུགས་བྱེད་མཁན་ཨ་མི་རི་ཀ་དང་དབྱིན་ཇི། ཧྥ་རན་སི་དང་ཁེ་ན་ཌ་སོགས་མནའ་འབྲེལ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་གཅིག་པུ་མིན་པ་སྟེ། འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་དང་འཛམ་གླིང་དམག་ཆེན་གཉིས་པའི་འཐབ་འཁྲུག་ལ་ཞུགས་པའི་འཇར་མན་ཎིའི་དམག་ཞབས་ཟུར་པ་ཁག་ཅིག་ཀྱང་ནོར་མན་ཌིའི་མཛད་སྒོར་མཉམ་ཞུགས་ཀྱིས་དམག་འཁྲུག་གི་གདུག་རྩུབ་དང་རང་དབང་གི་རིན་ཐང་ངོས་ཟིན་རྒྱུ། དུས་རབས་དང་མི་རབས་གང་འདྲ་ཞིག་ཡིན་རུང་དམག་འཁྲུག་ལ་དགེ་མཚན་མེད་པ་གསལ་སྟོན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ནུབ་འཇར་མན་ཎི་བསྐྱར་དུ་འཛུགས་སྐྲུན་དང་སྐྱོབ་གསོ་རོགས་རམ། ༡༩༨༩་ལོར་འཇར་མན་ཎི་ཤར་ནུབ་གཉིས་གཅིག་གྱུར་མ་བྱུང་བར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྲུང་སྐྱོབ་བྱས་པའི་བཀའ་དྲིན་ལ་རྗེས་དྲན་ཞུས་འདུག

ནོར་མན་ཌིར་མ་ཕེབས་སྔོན་དེར་སྲིད་འཛིན་ཌོ་ནལ་ཊམ་གྱི་ཊོས་ཊར་དྲྭ་ལམ་དུ་ནོར་མན་ཌིར་ལམ་དུ་ཆས་ཡོད། ཉིན་དེར་ཁོ་ཚོས་རང་གི་སྲོག་མགོ་ཐོན་རྒྱུ་ཡིན་མིན་ཤེས་མེད། ཁོ་ཚོས་རང་ཉིད་ལོ་ན་རྒས་ཏེ་མི་ཚེའི་མཐའ་བར་དུ་འཚོ་གནས་བྱ་ཐུབ་རྒྱུ་ཡིན་མིན་ཤེས་མེད། ཡིན་ནའང་ཁོ་ཚོར་གསལ་ཆ་གཅིག་ཡོད་པ་ནི་ཨ་མི་རི་ཀར་རྒྱལ་ཁ་འཐོབ་དགོས་པ་དེ་ཡིན། ཁོ་ཚོའི་འཐབ་རྩོད་ཀྱི་རྩ་དོན་ནི་རྒྱལ་ཁབ་འདི་དང་སྐབས་དེར་ད་དུང་སྐྱེས་མེད་པའི་མི་རབས་ཕྱི་མ་རྣམས་ཀྱི་བདེ་ཐབས་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ་འདུག དབྱིན་ཇིའི་སྲིད་བློན་ཊེ་རི་སི་མཱེས་ནོར་མན་ཌིའི་དཔུང་འཇུག་གིས་མི་རབས་མང་པོའི་རང་དབང་དང་བདེ་ཐབས་ཀྱི་ལས་དབང་ལ་ཐག་གཅོད་བྱུང་ཡོད། ང་ཚོས་འདི་ནས་ནོར་མན་ཌིའི་མཚོ་ངོགས་སུ་བལྟས་ན་འཛམ་གླིང་འདིར་བྱུང་མྱོང་མེད་པའི་རང་དབང་འཐབ་རྩོད་ཀྱི་དམག་འཁྲུག་ཅིག་འདི་ནས་མགོ་བརྩམས་ཡོད་ཅིང་། དེ་རིང་འདིར་ང་ཚོའི་མཉམ་དུ་ཡོད་པའི་དམག་ཞབས་ཟུར་པ་ཚོར་ཐུག་ན་གུས་བཀུར་གྱི་འདུ་ཤེས་ཤིག་རང་དབང་མེད་པར་སྐྱེས་བྱུང་། ཁྱེད་རྣམ་པའི་མཉམ་དུ་ནོར་མན་ཌིར་འདུ་འཛོམས་བྱུང་བ་ནི་ང་ཚོའི་གཟི་བརྗིད་ཡིན། ཉིན་དེར་མེ་མདའི་མདུན་དུ་མཆོངས་ནས་འཐབ་འཁྲུག་ལ་ཞུགས་པའི་དཔའ་བོ་རྣམས་ཀྱི་སྙིང་སྟོབས་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཅེས་བཤད། ནོར་མན་ཌིའི་དཔུང་འཇུག་རྗེས་སུ་འཛམ་གླིང་དམག་ཆེན་གཉིས་པའི་ཁ་ཕྱོགས་ལ་འགྱུར་བ་ཐེབས་ཡོད་པ་སྟེ། དུས་དེ་ནས་བཟུང་སྟེ་ན་ཛི་འཇར་མན་ཎིའི་དམག་གིས་རང་སྲུང་དང་ཕྱིར་འཐེན་ཁོ་ན་བྱས་པ་ལས་ཕར་རྒོལ་དང་བཙན་འཛུལ་བྱེད་ཐུབ་མེད། དེ་ནས་ལོ་གཅིག་གི་རྗེས་སུ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ཡོད་པ་རེད།།

XS
SM
MD
LG