ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྱང་ཀོར་གྱི་གྲོས་མོལ་འགོ་བ་བསད་པར་གྲགས་པ་འཚོ་གནས།


༄༅།། ལྷོ་ཀོ་རི་ཡའི་ཆོལ་སོང་ཉིན་རེའི་ཚགས་པར་ལ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་བ་ཀིམ་ཡོཀ་ཆོལ་ལོ་འདིའི་ཕྱི་ཟླ་༢་པར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱི་ཆེས་མཐོའི་ཐུག་འཕྲད་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པའི་ནག་ཉེས་ཐོག་ཏུ་སྲོག་ཁྲིམས་བཅད་ནས་བསད་པ་དང་། བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་ཡང་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་དུ་བཅུག་ནས་ཁྲིམས་ཆད་ཕོག་འདུག་ཅེས་གསར་འགྱུར་སྤེལ། ད་དུང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་ཡང་གོ་གནས་ཕབ་ནས་ཉེས་ཆད་ཕོག་ཡོད་པའི་རྟགས་མཚན་འདུག་ཅེས་བསྒྲགས། ཡིན་ནའང་ལྷོ་ཀོ་རི་ཡའི་ཆོལ་སོང་ཉིན་རེའི་ཚགས་པར་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་བྱང་ཀོ་རི་ཡའི་གྲོས་མོལ་འགོ་བ་ཀིམ་ཡོཀ་ཆོལ་བསད་པ་རེད་ཟེར་པ་འཚོ་གནས་ཡིན་པ་དང་། བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་དུ་བཅུག་པ་དང་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་གོ་གནས་ཕབ་པ་རེད་ཟེར་པ་གཉིས་ཀྱང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ལྷན་དུ་མི་དམངས་རྩེ་ཐང་ཆེན་མོར་ལུས་རྩལ་འགྲན་སྡུར་གྱི་གཟིགས་མོར་ཕེབས་ཡོད་པའི་བརྙན་འཕྲིན་ཞིག་བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་ཕྱི་ལ་བསྟན། དེར་བརྟེན་ལྷོ་ཀོ་རི་ཡའི་ཆོལ་སོང་ཉིན་རེའི་ཚགས་པར་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་སྤེལ་བའི་གནས་ཚུལ་དེ་དག་ཁུངས་མེད་ལྟ་བུ་ཞིག་ཏུ་གྱུར་ཀྱང་ཁ་སང་གི་ལུས་རྩལ་འགྲན་སྡུར་ཆེན་མོའི་ལྟད་མོ་དེར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་འགོ་བ་ཀིམ་ཡོཀ་ཆོལ་མཉམ་ཞུགས་བྱས་ཡོད་པའི་འདྲ་པར་གང་ཡང་མཐོང་རྒྱུ་མེད་པ་རེད།།

ལྷོ་ཀོ་རི་ཡའི་ཆོལ་སོང་ཉིན་རེའི་ཚགས་པར་གྱིས་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཝྭི་ཏེ་ནམ་གྱི་རྒྱལ་ས་ཧ་ནོ་ཡེ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱས་པར་གྲུབ་འབྲས་མ་བྱུང་བ་དང་། ལྷག་པར་དུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་གྲོས་མོལ་མཚམས་བཞག་ནས་རང་ཡུལ་ལ་ཕྱིར་ལོག་བྱས་པ་ནི་ཀིམ་ཇུང་ཨིན་གྱིས་བྱང་ཀོ་རི་ཡའི་གྲོས་མོལ་འགོ་བ་དང་སྐབས་དེའི་གྲོས་མོལ་ལ་འབྲེལ་བ་ཡོད་པའི་ལས་སྣེ་ཚོས་ལས་དོན་འཐུས་ཤོར་བཏང་བ་ཞིག་ལ་ངོས་འཛིན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གྲོས་མོལ་བ་འགོ་བ་ཀིམ་ཡོཀ་ཆོལ་ཁ་སྔོན་ཕྱི་ཟླ་༣་ནང་དུ་སྲོག་ཁྲིམས་བཅད་ནས་བསད་པ་དང་། ཨ་མི་རི་ཀའི་གྲོས་མོལ་ལ་ཡུན་རིང་ནས་འབྲེལ་བ་ཡོད་པའི་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་དུ་བཅུག་འདུག་ཅེས་གནས་ཚུལ་སྤེལ། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་བྱང་ཀོ་རི་ཡའི་གྲོས་མོལ་འགོ་བ་ཀིམ་ཡོཀ་ཆོལ་བསད་མེད་པར་གསོན་པོ་ཡིན་པ་རྩད་གཅོད་ཐུབ་ཀྱང་ཁོ་པར་བྱང་ཀོ་རི་ཡའི་གཞུང་གིས་ཞིབ་འཇུག་བྱས་ནས་དཀའ་ངལ་འཕྲད་ཡོད་པ་དང་ཕྱིས་སུ་ཉེས་ཁྲིམས་ལྕི་མོ་ཞིག་འཕོག་སྲིད་པའི་ཉེན་ཀ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡའི་གསང་བའི་ལས་ཁང་གི་འགོ་ཁྲིད་ཟུར་པ་སྟེ། ཨ་རིའི་ཕྱི་སྲིད་དྲུང་ཆེར་གྲོས་མོལ་བྱེད་མཁན་ཀིམ་ཡུང་ཆོལ་ལུས་རྩལ་འགྲན་སྡུར་ཆེན་མོར་ཀིམ་ཇུང་ཨུན་གྱི་ལྷན་ཁང་དུ་ལྟད་མོ་དེར་མཉམ་ཞུགས་བྱས་ཀྱང་བརྙན་པར་ནང་དུ་ཁོ་པས་རང་གི་གདོང་པ་ལག་པས་བཀབ་ཡོད་ཅིང་། ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཝྭི་ཏེ་ནམ་གྱི་གྲོས་མོལ་རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རང་གི་གསང་བའི་ལས་ཁང་གི་འགོ་ཁྲིད་ཟུར་པ་ཀིམ་ཡུང་ཆོལ་གོ་གནས་ཕབ་ཀྱང་ངལ་རྩོལ་སྒྱུར་བཀོད་བཙོན་ཁང་དུ་བཅུག་མེད་པའི་གསར་འགྱུར་སྤེལ། བྱང་ཀོ་རི་ཡའི་རོ་ཏུང་སིན་མུན་གསར་ཤོག་ལ་བྱང་ཀོ་རི་ཡའི་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོ་དང་དམག་གི་འགོ་ཁྲིད་ཁག རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་ཁག་དང་དེ་དག་གི་བཟའ་ཟླ་རྣམས་ལུས་རྩལ་འགྲན་སྡུར་ཆེན་མོའི་ལྟད་མོར་ཕེབས་ཡོད་པ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་རྐུབ་བཀྱག་ནས་མི་ལྔའི་མཚམས་སུ་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་བསྡད་ཡོད་པའི་འདྲ་པར་ཞིག་བཀྲམ་འདུག ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱི་གསང་བའི་ལས་ཁང་གིས་ཁ་སྔོན་ཕྱི་ཟླ་༤་པའི་ནང་དུ་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་ལ་ཞིབ་འཇུག་བྱས་ནས་གོ་གནས་ཕབ་འདུག ཁོ་པའི་ནག་ཉེས་གཙོ་བོ་ནི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པ་དེར་ཐུག་འདུག་ཅེས་གནས་ཚུལ་སྤེལ། འོན་ཀྱང་དེའི་རྗེས་སུ་ཀིམ་ཡུ་ཆོལ་སླར་ཡང་བྱང་ཀོ་རི་ཡའི་ཆེས་མཐོའི་ཆབ་སྲིད་འཛིན་སྐྱོང་ལྷན་ཁང་གི་རྒྱུན་ལས་འཐུས་མིའི་གྲས་སུ་འདེམས་ཐོན་བྱུང་འདུག

སྔ་ལོ་ནས་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལན་མང་ཐོན་པའི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་སྲིང་མོ་ཀིམ་ཡོ་ཇུང་ཡང་གོ་གནས་ཕབ་ཡོད་པའི་རྟགས་མཚན་འདུག ཁོ་མོ་ལོ་འདིའི་ཕྱི་ཟླ་༤་པའི་ཚེས་༡༢་ནས་ཉི་མ་༥༢་ཀྱི་རིང་ལ་བྱང་ཀོ་རི་ཡའི་གསར་འགྱུར་ནང་དུ་གཏན་ནས་ཐོན་མ་སོང་། གཅིག་བྱས་ན་ཀིམ་ཇུང་ཨུན་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པའི་ནག་ཉེས་དེ་ཀིམ་ཡོ་ཇུང་ལའང་ཕོག་ཡོད་པའི་ཉེན་ཀ་འདུག་ཅེས་དོགས་སློང་བྱུང་རུང་ཁ་སང་གཟའ་ཟླ་བའི་ཉིན་ཀིམ་ཡོ་ཇུང་བྱང་ཀོ་རི་ཡའི་ལུས་རྩལ་འགྲན་སྡུར་ཆེན་མོའི་ལྟད་མོར་མཉམ་ཞུགས་བྱས་ནས་ཕུ་བོ་ཀིམ་ཇུང་ཨུན་གྱི་ཉེ་འཁྲིས་སུ་བསྡད་ཡོད་ཅིང་། ཁོ་མོས་ཐལ་མོ་བརྡབས་ནས་ལུས་རྩལ་གྱི་འགྲན་སྡུར་ཆེན་མོར་དགའ་བསུ་ཞུ་བཞིན་པའི་བརྙན་པར་ཞིག་ཐོན་འདུག ན་ནིང་ལོ་མཇུག་ནས་རྒྱལ་སྤྱིའི་གསར་འགྱུར་ནང་དུ་ཀིམ་ཡོ་ཇུང་ལན་མང་ཐོན་པ་དང་ཁོ་མོ་བྱང་ཀོ་རི་ཡའི་བུད་མེད་དབང་ཐང་ཅན་ཞིག་ཡིན་པའི་རྟགས་མཚན་ཐོན། ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱས་པའི་དུས་སྐབས་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་སིངྒ་པུར་དུ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱས་པའི་དུས་སྐབས། ད་ལོའི་ཕྱི་ཟླ་གཉིས་པར་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཝྭི་ཏེ་ནམ་གྱི་ས་ཐོག་ཏུ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱས་པའི་དུས་སྐབས་སོ་སོར་ཀིམ་ཡོ་ཇུང་ཕུ་བོ་ཀིམ་ཇུང་ཨུན་གྱི་མཉམ་དུ་ཡོད་པར་མ་ཟད། ༢༠༡༨་ལོར་ལྷོ་ཀོ་རི་ཡར་ཚོགས་པའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་སྐབས་སུ་ཀིམ་ཡོ་ཇུང་གིས་བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་ནས་ལྷོ་ཀོ་རི་ཡར་བསྐྱོད། ༢༠༡༧་ལོར་ཀིམ་ཇུང་ཨུན་གྱིས་རང་གི་སྲིང་མོ་ཀིམ་ཡོ་ཇུང་བྱང་ཀོ་རི་ཡའི་དྲིལ་བསྒྲགས་ལྷན་ཁང་གི་འགོ་ཁྲིད་ལ་བསྐོ་བཞག་བྱས་འདུག​

XS
SM
MD
LG