ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་དང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ།


༄༅།། ༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་ནས་ཡོངས་གྲགས་སུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལངས། ད་ལོའི་ཕྱི་ཟླ་༦་ཚེས་བཞིའི་ཉིན་མོ་ནི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལངས་ནས་ལོ་༣༠་འཁོར་བའི་དུས་དྲན་ཡིན་པས་ཐེ་ཝན་སྲིད་འཛིན་གྱི་སྲིད་འཛིན་ཚེ་དབྱིན་གྱིས་ཕྱི་ཟླ་༦་ཚེས་༤་དེ་རྒྱ་ནག་ལ་ལོ་རྒྱུས་ཀྱི་འགྱུར་མཚམས་ཤིག་ཡིན། དུས་ནས་བཟུང་སྟེ་རྒྱ་ནག་གི་དམངས་གཙོའི་འཕེལ་རྒྱས་དང་མི་མཐུན་པའི་ལམ་ཕྱོགས་ཤིག་རྒྱུན་འཁྱོངས་བྱས་སོང་། ཉེ་བའི་ལོ་ཤས་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཕྱིན་རུང་ཧ་ཅང་གི་སྟབས་མ་ལེགས་པ་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྡོག་བརྫིས་ཚབས་ཆེན་ཐེབས་ཀྱིན་འདུག ང་ཚོས་རྒྱ་ནག་ལ་དམངས་གཙོ་དར་སྤེལ་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པ་གལ་འགངས་ཆེན་པོ་ཞིག་ལ་རྩི་བཞིན་ཡོད་ཅེས་ཕྱི་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་པ་ཚོར་ཐུག་འཕྲད་སྐབས་སུ་དེ་ལྟར་བཤད། ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་དྲུག་བཞིའི་ལས་འགུལ་ལ་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་པར་ཁ་ཞེ་གཉིས་མེད་ཀྱིས་འགྱོད་བཤགས་བྱས་ནས་དམངས་གཙོའི་སྒྱུར་བཅོས་གཏོར་རྒྱུའི་ཤུགས་སྣོན་རྒྱག་དགོས། རྒྱ་ནག་གི་འགོ་ཁྲིད་ཚོར་དྲུག་བཞིའི་ལས་འགུལ་ལ་དཀར་འདོན་དང་ལྷག་བསམ་རྣམ་དག་གིས་བཟོད་གསོལ་ཞུ་དགོས། ལོ་རྒྱུས་ཀྱི་ནོར་འཁྲུལ་དེར་མགྱོགས་ནས་མྱུར་དུ་ཡོ་སྲང་བྱ་དགོས་ཞེས་ང་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ཅི་ཞིག་བྱུང་བར་རྫུན་སྒྲིག་འཁྱོག་བཤད་ཁོ་ན་བྱེད་ཀྱིན་འདུག་ཅིག་སྐྱོན་བརྗོད་བྱས་འདུག

འདས་པའི་ལོ་༣༠་རིང་ལ་རྒྱ་ནག་གཞུང་གིས་གོ་རིམ་ལྡན་པ་དང་འཆར་གཞི་ལྡན་པའི་སྒོ་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ངམ། ཡང་ན་རྒྱ་ནག་རྒྱལ་ཡོངས་སུ་དྲུག་བཞིའི་ལས་འགུལ་ལ་རྗེས་དྲན་དང་དུས་དྲན་སྲུང་བརྩི་སོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་དུ་འཇུག་གི་མེད་པར་མ་ཟད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་གནམ་བདེ་སྒོ་མོའི་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཅི་ཙམ་བསད་ཡོད་མེད། སྐབས་དེའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཅི་ཙམ་འཛིན་བཟུང་བྱས་ནས་བཙོན་ཁང་དུ་བཅུག་མིན། ལྷག་པར་དུ་མི་དམངས་བཅིངས་འགྲོལ་དམག་གི་ལྕགས་འཁྲབ་འཁོར་ལོའི་མདུན་དུ་ལངས་ནས་འགོག་མཁན་སློབ་ཕྲུག་དེ་སུ་ཡིན་མིན་དང་འཆི་སོན་ཅི་ཡིན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ཞིག་ཕྱིར་བསྒྲགས་བྱས་མེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་༡༩༨༩་ལོའི་ཕྱི་ཟླ་༦་ཚེས་༣་གྱི་མཚན་མོར་རྒྱ་ནག་གཞུང་གིས་ཉུང་མཐའ་ཡང་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་སྟོང་ཕྲག་འགའ་ཞིག་དམར་གསོད་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་༧༠་ཕྱིན་པའི་རིང་གི་གྲུབ་འབྲས་ལ་བལྟས་ན་ང་ཚོས་ཡར་རྒྱས་ཀྱི་ལམ་ཕྱོགས་ཤིག་བདམས་ཡོད་པ་ཡང་དག་པ་ཡིན་པ་ར་འཕྲོད་ཅེས་བཤད། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་དྲུག་བཞིའི་དོན་རྐྱེན་ནི་འདས་ཟིན་པའི་ལོ་རྒྱུས་ཤིག་ཡིན་པ་ལས་རྒྱ་ནག་ད་དུང་ཡང་དེའི་རྙོག་འཛིང་ནང་དུ་ལུས་ཡོད་པ་ཞིག་མིན། དྲུག་བཞིའི་དོན་རྐྱེན་ཞེས་ཀུ་ཅོ་སྒྲོགས་མཁན་ཚོས་རྒྱ་ནག་གི་སྤྱི་ཚོགས་ལ་དོན་དམ་གྱི་ཕན་གནོད་ཅི་ཡང་ཐེབས་མི་ཐུབ་ཅེས་ཆེད་བརྗོད་སྤེལ། ཡིན་ནའང་རྒྱ་ནག་གི་ཚགས་པར་ཆེ་ཁག་གིས་དྲུག་བཞིའི་དོན་རྐྱེན་ལ་འབྲེལ་བ་ཡོད་པའི་ཆེད་བརྗོད་གང་ཡང་སྤེལ་མེད་པ་རེད།།

གཟའ་ཉི་མའི་ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཝེ་ཧྥེ་ཧེ་ཡིས་ཕྱི་ཟླ་༦་པའི་ཚེས་༤་ཉིན་རྒྱ་ནག་གཞུང་གིས་ཟིང་འཁྲུག་བཀག་སྡོམ་ལ་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་ཡང་དག་པ་ཡིན་ཞེས་བཤད་པ་ནི་རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་པ་ཁས་ལེན་བྱས་པ་མཚོན་ཐུབ། ཐེ་ཝན་གྱི་རྒྱ་ནག་སྐམ་ས་ཆེན་མོའི་ལས་དོན་ལྷན་ཁང་གི་ལས་སྣེ་ཚོས་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གྱིས་མི་མང་ངོ་རྒོལ་བ་ཚོར་གནོན་སྡོམ་ཇི་ལྟར་བྱས་མིན་གྱི་གླེང་སློང་དེ་འདྲ་ཞིག་བྱས་པ་བསམ་ཡུལ་ལས་འདས་པ་ཞིག་རེད། རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་ལ་རྒོལ་རྡུང་བྱེད་ཀྱི་མ་རེད་ཅེས་འུར་སྒྲོགས་བྱེད་ཀྱི་ཡོད་པ་རྫུན་གཏམ་ཡིན་པ་ར་འཕྲོད་སོང་ཞེས་སྐྱོན་བརྗོད་བྱས་འདུག འདས་པའི་ཉིན་ཤས་རིང་ལ་ཐེ་ཝན་གྱི་ས་གནས་གང་སར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ལ་དྲུག་བཞིའི་ལས་འགུལ་ལངས་ནས་ལོ་༣༠་འཁོར་བར་རྗེས་དྲན་དང་། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ནང་དུ་ཚེ་སྲོག་ཤོར་པའི་འདས་པོ་རྣམས་ལ་མཆོད་འབུལ། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་དངོས་སུ་ཞུགས་པའི་སློབ་ཕྲུག་གི་འགོ་ཁྲིད་དང་དམངས་གཙོ་དོན་གཉེར་བ་ཚོས་གཏམ་བཤད་ཀྱི་བྱེད་སྒོ་རིམ་པ་ཞིག་སྤེལ་གྱི་ཡོད་པ་རེད།།

༡༩༨༩་ལོའི་ཕྱི་ཟླ་༤་པའི་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཧུ་ཡའོ་པང་འདས་གྲོངས་སུ་གྱུར། དེ་ནས་གཟའ་འཁོར་༧་གྱི་རིང་ལ་རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་རྒྱ་ནག་གི་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་དགྲ་འདུན་གཉེན་སྐྱོང་ལ་ངོ་རྒོལ། རྒྱ་ནག་ལ་ཆབ་སྲིད་སྒྱུར་བཅོས་གཏོང་དགོས་ཞེས་ཞི་བའི་ངོ་རྒོལ་བྱས་ནས་རྒྱ་ནག་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་སྲིད་པའི་རྣམ་པ་ཤར། འོན་ཀྱང་ཕྱི་ཟླ་༦་ཚེས་༣་གྱི་མཚོན་མོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ལ་དམག་བཏང་ནས་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པ་དང་ཕྱི་ཟླ་༦་ཚེས་༤་ཉིན་ནམ་མཁའ་ལངས་དུས་རྒྱ་ནག་ལ་ལྡོག་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཤིང་། རྒྱ་ནག་གི་སློབ་ཕྲུག་ཚོས་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་དང་དགྲ་འདུལ་གཉེན་སྐྱོང་ལ་ངོ་རྒོལ་ཡོད་ཅེས་འཕྲེད་དར་འཕྱར་པར་ཏིན་ཞའོ་ཕིང་གིས་བཟོད་སྒོམ་བྱས་ཀྱང་རྒྱ་ནག་གི་སློབ་ཕྲུག་ཚོས་དམངས་གཙོ་དང་རང་དབང་། གཏམ་བརྗོད་རང་དབང་དགོས་ཞེས་འཕྲེད་དར་འཕྱར་པར་ཏིན་ཞའོ་ཕིང་དང་སྐབས་དེའི་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་རྒན་པ་ཚོས་གཏན་ནས་མོས་མཐུན་བྱས་མེད་པ་དང་། དེ་ནས་བཟུང་སྟེ་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་དང་ཧུ་ཅིན་ཐའོ། ཞིས་ཅིན་ཕིང་བཅས་ཀྱིས་ཀྱང་ཏིན་ཞའོ་ཕིང་གི་དུས་སུ་དྲུག་བཞིའི་ལས་འགུལ་ལ་ཐག་གཅོད་ཅི་ཞིག་བྱས་པ་རྩ་འཛིན་བྱས་ནས་སློབ་ཕྲུག་གི་ལས་འགུལ་དེར་དཀར་འདོན་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG