ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

དྲུག་བཞིའི་ལས་འགུལ་བ་ཁ་འཐོར་དུ་གྱུར་པའི་དཀའ་ངལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་པའི་རྗེས་སུ་རྒྱ་ནག་གི་ཤེས་ཡོན་ཅན་༤༠༠་ལྷག་འཛམ་གླིང་ཡུལ་གྲུ་གང་སར་བཙན་བྱོལ་དུ་བྲོས། ཁོ་ཚོས་ཕྱི་ལོགས་ནས་རྒྱ་ནག་ལ་དམངས་གཙོ་དར་སྤེལ་གཏོང་རྒྱུའི་འཐབ་རྩོད་རྒྱུན་འཁྱོངས་བྱས་ཀྱང་ཤེས་ཡོན་ཅན་དག་གི་ནང་ཁུལ་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མེད་པ་དང་དུས་ཚོད་ཀྱི་འཕོ་འགྱུར་སོགས་ལ་བརྟེན་ནས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་བ་རྣམས་ཁ་འཐོར་དགུ་འཐོར་དུ་གྱུར། དེང་སྐབས་ཨ་མི་རི་ཀར་བཙན་བྱོལ་དུ་ཡོད་པའི་རྒྱ་ནག་གི་གློག་བརྙན་བཟོ་མཁན་སུ་ཤའོ་ཁང་ལ་མཚོན་ན་༢༠༠༣་ལོར་ཕ་ཡུལ་ལ་ཐེངས་གཅིག་འགྲོ་ཐུབ་ཡོད་ཅིང་། ཁོ་པས་ཐེངས་གཅིག་གི་གོ་སྐབས་ཐོབ་པ་དམ་འཛིན་གྱིས་ཕ་མ་འདས་པོ་གཉིས་ཀྱི་བུར་ཐལ་རྣམས་ཐེན་ཅིན་ཉེ་འཁོར་གྱི་བྷོ་ཧེ་མཚོ་ནང་དུ་གཏོར། དུས་དེ་ནས་བཟུང་སྟེ་སུ་ཤའོ་ཁང་གིས་སེམས་པའི་གཏིང་ནས་རྒྱ་ནག་ལ་འབྲེལ་བ་བཅད་པ་དང་རྒྱ་ནག་ནི་རང་གི་མེས་རྒྱལ་ཡིན་པའི་འདུ་ཤེས་འཛིན་རྒྱུ་འཛིན་མཚམས་བཞག ༡༩༨༩་ལོར་རྒྱ་ནག་ལ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལངས་པའི་གཞུག་ཏུ་སུ་ཤའོ་ཁང་ཕྱི་རྒྱལ་ལ་བཙན་བྱོལ་དུ་འབྱོར། ཁོ་པ་རང་ཡུལ་དང་ཁ་བྲལ་བྱས་ནས་ལོ་གཉིས་ཀྱི་རྗེས་སུ་ཨ་མ་འདས་གྲོངས་སུ་གྱུར། ཐ་ན་སུ་ཤའོ་ཁང་ཕ་རྒན་ལའང་ཁ་ངོ་མ་ཐུག་པར་འདས་གྲོངས་སུ་གྱུར་པ་དང་ཁོ་པ་བཙན་བྱོལ་ལ་སླེབས་ནས་ལོ་བཅུ་བཞིའི་རྗེས་སུ་རྒྱ་ནག་ལ་འཁྱུག་ཙམ་རིང་དུ་ཡོང་བཅུག་ནས་ཕ་མའི་བུར་ཐལ་རྣམས་མཚོ་ནང་དུ་གཏོར་ཐུབ་ཡོད་པ་རེད།།

རྒྱ་ནག་ལ་དྲུག་བཞིའི་ལས་འགུལ་ལངས་ནས་ལོ་༣༠་འཁོར་བའི་དུས་དྲན་སྔོན་དེར་སུ་ཤའོ་ཁང་གིས་ཧོང་ཀོང་གི་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱི་གསར་འགོད་པར་གླེང་མོལ་བྱས་ནས་རྒྱ་ནག་ནི་རྦད་དེ་འགྱུར་ལྡོག་ཐེབས་པའི་རྒྱལ་ཁབ་ཅིག་ལ་གྱུར་འདུག ངས་མི་ཚོགས་ཆེ་བ་དང་འབག་བཙོག་ཆེ་བ། པེ་ཅིང་གི་འཚང་ཁ་སོགས་ཟེར་གྱི་མེད། རྒྱ་ནག་ལ་རིག་གཞུང་མེད་པ་དང་བློ་གཏད་བཅོལ་ཡུལ་གྱི་ཁོར་ཡུག་མེད་པར་བཟོད་གླགས་མི་འདུག རྒྱ་ནག་ནི་སྟོབས་ཤུགས་དང་དངུལ་སྒོར། མི་རིགས་རིང་ལུགས་ཀྱི་རྨོངས་ཞེན་འགོ་ཏུ་ཚུད་ནས་སྐྱུག་བྲོ་བ་ཞིག་ཏུ་གྱུར་འདུག་ཅེས་བཤད། ད་ལྟ་སུ་ཤའོ་ཁང་ལོ་ན་༧༠་ཐམ་པར་སོན་ཏེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཆགས་པའི་མེ་རི་ལན་ཌི་མངའ་སྡེའི་གྷེ་ཐར་སི་བྷག་ས་གནས་སུ་ཆུང་མ་དང་བུ་ཞིག་བཅས་བཟའ་མི་རྣམས་འཚོ་གནས་བྱེད་ཀྱི་ཡོད་པར་མ་ཟད། ཁོ་པས་མི་ཚང་མས་ནུབ་ཕྱོགས་ལ་ཁ་རྡུང་བཏང་རུང་མི་ཐམས་ཅད་ནུབ་ཕྱོགས་ལ་ཡིད་སྨོན་འཆོར་གྱི་འདུག ང་པེ་ཅིང་ནས་ཨ་མི་རི་ཀར་གནམ་གྲུའི་ནང་དུ་ཆུ་ཚོད་༡༤་ལ་ཡོང་བའི་དེར་སོ་སོ་རང་ཡུལ་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་འདུ་ཤེས་ཤིག་མི་འདུག ང་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་སུའང་མ་ཚུད། རྒྱ་ནག་གི་སྤྱི་ཚོགས་སུའང་མ་ཚུད་པའི་མི་ཞིག་ལ་གྱུར་འདུག་ཅེས་ཁེར་རྐྱང་གི་ཚོར་བ་ཞིག་མྱོང་བཞིན་པ་གསར་འགོད་པར་བཤད།།

འཛམ་གླིང་གི་ཤར་ནུབ་གཉིས་ཀྱི་སྤྱི་ཚོགས་གང་ལའང་མ་ཚུད་པའི་ཚོར་བ་ཞིག་མྱོང་གི་ཡོད་པ་ནི་སུ་ཤའོ་ཁང་གཅིག་པུ་མིན་པ་སྟེ། དཔེར་ན་ཡུ་རོབ་དང་ཨ་མི་རི་ཀ ཁེ་ན་ཌ་དང་ཐེ་ཝན། ཧོང་ཀོང་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་ནག་གི་ཤེས་ཡོན་ཅན་༤༠༠་ལྷག་ཁ་འཐོར་དུ་སོང་ཡོད་ཐམས་ཅད་ལ་ཁེར་རྐྱང་གི་འདུ་ཤེས་ཤིག་ཡོད་ཅིང་། ཐོག་མར་རྒྱ་ནག་གི་ཤེས་ཡོན་དེ་དག་གིས་ཕྱི་ལོགས་ནས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་རྒྱུན་འཁྱོངས་བྱས་ནས་རྒྱ་ནག་ལ་དམངས་གཙོ་དར་སྤེལ་གཏོང་རྒྱུ། རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་པ་ནོར་འཁྲུལ་རེད་ཅེས་བཟོད་གསོལ་ཞུས་པའི་རྗེས་སུ་རང་ཡུལ་ལ་ཕྱིར་ལོག་བྱེད་ཐུབ་པའི་རེ་བ་འཆང་མོད། འོན་ཀྱང་རྒྱ་ནག་ལ་དྲུག་བཞིའི་ལས་འགུལ་ལངས་ནས་ལོ་༣༠་འཁོར་བའི་རྗེས་སུའང་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དཀར་འདོན་ནམ། ཡང་ན་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དྲག་གནོན་བྱས་པ་ནོར་འཁྲུལ་རེད་ཅེས་བཟོད་གསོལ་ཞུས་མེད། རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་ལ་འབྲེལ་བ་ཡོད་པའི་གསར་འགྱུར་སྤེལ་མི་ཆོག་པ་དང་གླེང་སློང་བྱེད་ཆོག་པ། རྒྱ་ནག་གི་མི་རབས་གསར་པའི་བསམ་བློར་དྲུག་བཞིའི་ལས་འགུལ་གྱི་བག་ཆགས་ཙམ་ཡང་ཐེབས་མི་ཐུབ་པའི་ནག་སུབ་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་ལ་དྲུག་བཞིའི་ལས་འགུལ་ལངས་ནས་ལོ་དང་ཟླ་བ་རིམ་གྱིས་འདས། ལོ་གྲངས་ནི་ལོ་ངོ་བཅུ་ཕྲག་ལ་གྱུར་ནས་རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་གྱུར་པའི་ཞོར་དུ་ཆབ་སྲིད་དམ་དྲག་ཆེ་རུ་བཏང་སྟེ་རྒྱ་ནག་གི་མི་རབས་གསར་པ་ཚོས་དྲུག་བཞིའི་ལས་འགུལ་ཟེར་པ་ཞིག་ཐོས་མྱོང་མེད་པ། ད་ལྟ་འཛམ་གླིང་ཡུལ་གྲུ་ཁག་ཏུ་བཙན་བྱོལ་ལ་བཞུགས་ཡོད་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་རྣམས་སྐབས་ཤིག་རྒྱ་ནག་གི་རྣམ་དཔྱད་མཆོག་ཏུ་ཡངས་པ་ཚོ་ཡིན་པའང་ཤེས་རྟོགས་དབེན། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོས་ཕྱི་ལོགས་ནས་ངང་སྒུག་བྱས་ཀྱང་ནང་ཁུལ་དུ་མཐུན་སྒྲིལ་མེད་པར་འགལ་ཟླ་མང་བ། སྔོན་ཆད་འཛམ་གླིང་གི་གསར་འགྱུར་ནང་དུ་ཐོན་མྱོང་བའི་དྲུག་བཞིའི་ལས་འགུལ་གྱི་མི་སྣ་གྲགས་ཅན་རྣམས་མཐོང་ཐོས་མེད་པར་གྱུར། ༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་ཝང་ཏན་གྱིས་༡༩༨༩་ལོར་རྒྱ་ནག་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པ་དེ་འདྲ་ཞིག་ད་ལྟ་རྒྱབ་སྐྱོར་འཐོབ་ཀྱི་མི་འདུག་ཅེས་བཤད། རྒྱ་ནག་གཞུང་གིས་ཝན་ཏན་འཛིན་བཟུང་བྱས་ནས་བཙོན་འཇུག་གི་ཁྲིམས་ཐག་བཅད། མཐར་ཕྱི་རྒྱལ་ལ་རྒྱང་ཕུད་བཏང་ནས་ཐེ་ཝན་དང་ཨ་མི་རི་ཀར་བཙན་བྱོལ་བའི་འཚོ་བར་རོལ། ད་ལྟ་ལོ་ན་༥༠་ཐམ་པར་སོན་པའི་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་འགོ་ཁྲིད་ཝང་ཏན་གྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་ལ་དམངས་གཙོ་དར་སྤེལ་གཏོང་བའི་འབྲེལ་མོལ་ཐེབས་རྩ་ཁང་ཞིག་བཙུགས་ཡོད་ཅིང་། ཁོ་པས་རྒྱ་ནག་དམར་ཤོག་ཚོགས་པ་སྒུལ་མི་ཚུགས་པ་ཁས་ལེན་བྱས་པ་དང་རྒྱ་ནག་དམར་ཤོག་ཚོགས་པར་ཁ་གཏད་བཅག་པའི་མི་རྣམས་དཀའ་ངལ་གྱི་ཁོར་ཡུག་ཅིག་ཏུ་ཚུད་སོང་ཞེས་བཤད།

ལོ་ན་༥༨་ལ་སོན་པའི་རྒྱ་ནག་གི་སྲིད་དོན་མཁས་པ་ཞཱ་ཡེ་ལེང་གིས་ཕྱི་ལོགས་ནས་རྒྱ་ནག་ལ་དམངས་གཙོའི་ལས་འགུལ་སྤེལ་རྒྱུ་ནི་ཐོག་མ་ནས་བརྟན་པོ་ཞིག་མིན། རྒྱ་ནག་གི་དམངས་གཙོའི་ལས་འགུལ་བ་རྣམས་ཕྱོགས་བཞི་མཚམས་བརྒྱད་ལ་ཁ་འཐོར་ཡོད་པ་དང་འགོ་ཁྲིད་སྣ་མང་ཞིག་ཡོད་པ། རྒྱ་ནག་གི་དམངས་གཙོའི་ལས་འགུལ་གྱི་ཚོགས་པ་ཁག་ཁ་འཐོར་ཡིན་པ་དང་རྒྱ་ནག་གཞུང་གིས་ནང་ཁུལ་གྱི་དམངས་གཙོའི་ལས་འགུལ་ལ་གཉུག་བསྲིངས་ནས་དྲག་གནོན་བྱས་པ་བཅས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་དམངས་གཙོའི་སྟོབས་ཤུགས་ཉམས་སོང་། ཉེ་བའི་ལོ་ཤས་ནས་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་དུས་དྲན་ལ་མཉམ་ཞུགས་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་པ་བློ་ཕམ་དགོས་པ་ཞིག་རེད། ༡༩༩༢་ལོར་ཨ་མི་རི་ཀས་རྒྱ་ནག་གི་སློབ་ཕྲུག་སྲུང་སྐྱོབ་ཅེས་པའི་བཅའ་ཁྲིམས་གཏན་ལ་ཕབ་སྟེ་མི་ཁྲི་ཚོ་༥་དང་སྟོང་ཕྲག་༤་ལྷག་ལ་གཏན་སྡོད་ཆོག་མཆན་སྤྲད་འདུག དེར་བརྟེན་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་དུས་དྲན་ལ་སྲུང་བརྩི་ཞུ་མཁན་མང་པོ་ཞིག་ཡོང་དགོས་ངེས་རེད་ཅེས་བཤད། ༢༠༡༣་ལོར་རྒྱ་ནག་གཞུང་གིས་ཞཱ་ཡེ་ལེང་གི་པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་དཔོན་གྱི་མཚན་ཕྱིར་བསྡུ་བྱས་ནས་བཟུང་། ཁོ་པ་ཨ་མི་རི་ཀར་བཙན་བྱོལ་དུ་སླེབས་ནས་ཝ་ཤིང་ཊོན་དུ་བསྡད་ཡོད་པ་རེད།།

ལོ་སུམ་ཅུའི་གོང་དུ་རྒྱ་ནག་གི་སློབ་ཕྲུག་ཚོར་འཛམ་གླིང་རྒྱལ་ཁབ་ཁག་གི་གདུང་སེམས་མཉམ་སྐྱེད་དང་དཔལ་འབྱོར་གྱི་རྒྱབ་སྐྱོར། རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ལ་ལྕགས་འཁྲབ་འཁོར་ལོ་བཏང་ནས་སློབ་ཕྲུག་དམར་ཤོག་བྱས་པར་རྒྱལ་སྤྱིའི་ཐོག་ཏུ་ཁ་རྡུང་དྲག་པོ་བཏང་སྟེ་ཧྥ་རན་སིའི་གཞུང་གིས་རྒྱ་ནག་གི་སློབ་ཕྲུག་བཙན་བྱོལ་བ་ལེན་རྒྱུའི་འགོ་ཁྲིད་པའི་རྗེས་སུ་ཨ་རིའི་ཕི་རིན་སི་ཊོན་སློབ་ཆེ་ཆེན་མོས་ཨ་སྒོར་ས་ཡ་གཅིག་ཟུར་དུ་བཞག་སྟེ་རྒྱ་ནག་གི་ཕྱི་ལོགས་སུ་རྒྱ་ནག་གི་སློབ་ཕྲུག་ཆེས་མང་ཤོས་ཤིག་སློབ་ཆེན་དེར་སྐྱེད་སྲིད་བྱ་རྒྱུ་འགོ་ཚུགས། ཧོང་ཀོང་དང་ཐེ་ཝན་སོགས་ཀྱིས་ཀྱང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་མང་པོ་ཞིག་བླངས་ནས་སྲུང་སྐྱོབ་བྱས་འདུག རྒྱ་ནག་གི་དམངས་གཙོ་དོན་གཉེར་པ་ཡན་ཅ་ཆིས་ངས་ཨ་མི་རི་ཀར་དངུལ་སྒོར་མེད་པར་དབུལ་ཕོངས་ཀྱི་འཚོ་བ་ཞིག་རོལ་བཞིན་ཡོད། ཡིན་ནའང་ངའི་སེམས་སུ་རང་ཉིད་རྒྱ་ནག་ལ་ཕྱིར་ལོག་བྱེད་ཐུབ་ན་ཨ་རིར་དངུལ་སྒོར་མེད་ཀྱང་ཁྱད་པར་མེད་བསམས་མྱོང་ཞེས་བཤད། ད་ལྟའི་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ལ་བལྟས་ན་ཕྱི་ལོགས་ཀྱི་དམངས་གཙོ་དོན་གཉེར་བ་ཚོས་ངང་སྒུག་དང་རེ་བ་འཆང་ནས་ས་མཐའ་ཞིག་ཏུ་མི་ཚེ་རྫོགས་རྒྱུ་ཡིན་པའི་ཉེན་ཀ་ཡོད་པ་རེད།།

XS
SM
MD
LG