ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སྤྱི་སྒེར་གཉིས་ཀྱིས་དྲུག་བཞིའི་ལས་འགུལ་རྗེས་དྲན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༡༩༨༩་ལོའ་སྤྱི་ཟླ་༦ཚེས་༤་ཉིན་རྒྱ་ནག་གི་སློབ་མའི་དམངས་གཙོའི་ལས་འགུལ་ལ་རྒྱ་གཞུང་གིས་དྲག་གནོན་བྱས་ཤིང་། ད་ལོ་ནི་ལས་འགུལ་དེ་བྱུང་ནས་ལོ་༣༠་འཁོར་བའི་རྗེས་དྲན་གྱི་ལོ་ཡིན། རྒྱ་ནག་གི་དྲུག་བཞིའི་ལས་འགུལ་གྱི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་གནད་ཡོད་མི་སྣ་མང་པོ་འཛིན་བཟུང་དང་པེ་ཅིང་གྲོང་ཁྱེར་ནས་ཕྱི་ལ་བཙན་སྤོར་བྱེད་དུ་འཇུག་བཞིན་པ་སོགས་ཀྱི་གནས་ཚུལ་ཐོན། རྒྱ་གཞུང་གིས་དམ་དྲག་བྱ་ཡུལ་དེ་དག་གི་གྲས་སུ་རྩོམ་པ་པོ་དང་སྒྱུ་རྩལ་པ། གསར་འགོད་པ་སོགས་ཡོད་ཅིང་། ད་ལོ་རྒྱ་ནག་ནང་དུ་ཧ་ཅང་རྒྱུག་ཆེ་བའི་ཐད་གཏོང་དྲྭ་ཚིགས་ཤིག་ཀྱང་དྲ་རྒྱའི་ལག་རྩལ་ལ་ཁ་གཡར་ནས་ཉིན་འདི་ཚོར་སྒོ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག

ཉི་མ་འདི་ཚོར་འཛམ་གླིང་གི་ས་གནས་གང་སར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ཚོགས་པ་ཁག་དང་མི་མང་སྒེར་པ་སོགས་ཀྱིས་དྲུག་བཞིའི་ལས་འགུལ་གྱི་ལོ་འཁོར་རྗེས་དྲན་ལ་བྱེད་སྒོ་སྣ་ཚོགས་ཤིག་སྲུང་བརྩི་བྱེད་བཞིན་པ་སྟེ། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གཟའ་ཕུར་བའི་ཉིན་རྒྱ་ནག་གཞུང་གིས་ངེས་པར་དུ་༡༩༨༩་ལོའི་སློབ་ཕྲུག་དམངས་གཙོའི་ལས་འགུལ་བ་དམར་གསོད་བཏང་བའི་བྱ་སྤྱོད་དེར་འགན་འཁུར་ལེན་དགོས། རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་གིས་དྲུག་བཞིའི་ལས་འགུལ་ནང་དུ་འདས་གྲོངས་སུ་ཕྱིན་པའི་སློབ་མའི་ཁྱིམ་མི་དང་དྲུག་བཞིའི་ལས་འགུལ་ནང་དུ་འདས་གྲོངས་སུ་ཕྱིན་པ་ཚོར་མྱ་ངན་དང་རྗེས་དྲན་ཞུ་མཁན་གྱི་རྒྱ་ནག་གི་འགྲོ་བ་མིའི་ཁེ་དབང་སྲུང་སྐྱོབ་པ་རྣམས་ལ་ཕོག་ཐུག་དང་བར་ཆད་བཟོི་རྒྱུ་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་རྒྱ་ནག་སྡེ་ཚན་གྱི་ཉམས་ཞིབ་པ་ཝང་ཡ་ཆུག་གིས་དྲུག་བཞིའི་ལས་འགུལ་བ་དམར་གསོད་ཀྱི་དོན་རྐྱེན་བྱུང་ནས་ད་བར་ལོ་ཧྲིལ་པོ་༣༠་འགོར་ཀྱང་རྒྱ་ནག་གཞུང་གིས་ད་དུང་ཡང་སློབ་མའི་ལས་འགུལ་ལ་དྲག་གནོན་བྱས་པ་ནོར་འཁྲུལ་ཡིན་པའི་ངོས་ལེན་བྱེད་ཀྱི་མེད་པར་མ་ཟད། དམར་གསོད་བཏང་བའི་སློབ་ཕྲུག་རྣམས་ཀྱི་ཁྱིམ་མིར་གུན་གསབ་ཀྱང་སྤྲད་མེད་ཅིང་། རྒྱལ་ནག་མི་དམངས་ལ་དྲག་པོའི་དབང་སྒྱུར་གྱི་སྟངས་འཛིན་དམ་པོའི་འོག་ཏུ་དྲུག་བཞིའི་དོན་རྐྱེན་གྱི་དངོས་ཡོད་གནས་ཚུལ་མཐའ་དག་གསང་རྒྱ་བྱས་ཡོད་པ་རེད་ཅེས་བཤད་འདུག དྲུག་བཞིའི་དམར་གསོད་ཀྱི་དོན་རྐྱེན་ནི་རྒྱ་ནག་གཞུང་གིས་དྲྭ་རྒྱའི་བརྒྱུད་ལམ་དུ་བཀག་སྡོམ་བྱ་རྒྱུ་གཙོ་བོ་ཞིག་ཡིན་པ་དང་། སྤྱི་ལོ་༢༠༡༩་ལོར་ཊོ་རན་ཊོ་སློབ་གྲྭ་ཆེན་མོ་དང་ཧོང་ཀོང་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་ཞིབ་འཇུག་བྱས་པ་ལྟར་ན་རྒྱ་ནག་གཞུང་གིས་ཆེས་མ་མཐར་ཡང་དྲུག་བཞིའི་ལས་འགུལ་ལ་འབྲེལ་བ་ཡོད་པའི་ཐ་སྙད་༣༢༣༧་དྲྭ་ལམ་དུ་བཀག ད་ལོའི་ཟླ་༤་པར་ལད་ཁ་ཞེས་པའི་བརྙན་པར་བཟོ་སྐྲུན་ཁང་ཞིག་གིས་བཟོས་པའི་ཁྱབ་བསྒྲགས་བརྙན་ཐུང་གི་ནང་དུ་དྲུག་བཞིའི་ལས་འགུལ་གྱི་བརྙན་པར་ཡོད་པར་ཁ་གཡར་ནས་རྒྱ་ནག་གི་དྲྭ་རྒྱུའི་བརྒྱུད་ལམ་ཡོངས་སུ་ཁྱབ་བསྒྲགས་བརྙན་ཐུང་དེ་བཀག་སྡོམ་བྱས་ཡོད་པ་རེད།

གཞན་ཡང་༡༩༩༠་ལོར་རྒྱ་ནག་ཀོང་ཏུང་དུ་དར་ཁྱབ་ཆེ་བའི་གླུ་གཞས་མི་ཡུལ་གྱི་ལམ་ཞེས་པའི་གཞས་ཚིག་གི་ནང་དུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་སྐོར་འཁོད་པའི་བསྙད་རྒྱ་ནག་གི་གླུ་གཞས་དྲྭ་ཚིགས་ཡོད་དོ་ཅོག་གི་ནང་ནས་ནག་སུབ་གཏོང་དུ་བཅུག་ཅིང་། རྒྱ་ནག་གཞུང་གིས་ད་ལྟའི་བར་དུ་དྲུག་བཞིའི་ལས་འགུལ་ལ་དྲག་གནོན་བྱས་པ་ཁས་ལེན་མི་བྱེད་པར་དྲུག་བཞིའི་ལས་འགུལ་ལ་དཀར་འདོན་བྱ་རྒྱུ་ལའང་མི་འཐད། དེ་བཞིན་ལས་འགུལ་འདིའི་ནང་དུ་འདས་གྲོངས་ཕྱིན་པ་དང་རྨས་སྐྱོན་ཕོག་པ། གར་སོང་ཆ་མེད་དུ་གྱུར་པ་དང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་སོགས་ཀྱི་གྲངས་ཀ་གསལ་པོ་གཏན་ནས་གསལ་བསྒྲགས་བྱས་མྱོང་མེད། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཁ་སང་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་རི་དང་རྒྱལ་སྤྱིའི་ཚོགས་ཀྱིས་མུ་མཐུད་དུ་རྒྱ་ནག་གཞུང་ལ་དྲུག་བཞིའི་ལས་འགུལ་སྐབས་སུ་འདས་གྲོངས་སུ་ཕྱིན་པ་དང་འཛིན་བཟུང་བྱས་པ། གར་སོང་ཆ་མེད་དུ་གྱུར་བའི་མིའི་ཁ་གྲངས་གསལ་བསྒྲགས་བྱ་དགོས་པའི་རེ་འདུན་འདོན་དགོས། ལས་འགུལ་འདི་ང་ཚོས་གཏན་ནས་བརྗོད་མི་རུང་། འདི་ནི་ཞི་བའི་ངོ་རྒོལ་བ་དམར་གསོད་བཏང་བ་ཞིག་དང་ཉེས་མེད་ཀྱི་ཚེ་སྲོག་མང་པོ་བློས་གཏོང་བྱས་ཡོད་པས་ང་ཚོས་འདས་པོ་རྣམས་ཀྱི་ཁྱིམ་མི་ཚོར་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་བྱ་དགོས་ཞེས་བཤད་འདུག

XS
SM
MD
LG